19
Sun, May
28 New Articles

ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་ཆེན་མོ་ཐེངས་བཞི་པ་ཚོགས་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༤ཚེས་༧ཉིན། བཞུགས་སྒར་རྡ་སར་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་ཚོགས་ཤིང་། ཚོགས་འདུའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་བཀའ་བློན་ཁྲི་ཟུར་མཁས་དབང་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་རྣམ་པ། འཐུས་མི་དང་ཚོགས་མི་རྣམ་པ་ཡོངས་ཚང་འཛོམས་ཐོག་ཀིརྟིའི་བྱེས་པ་གྲྭ་ཚང་དུ་སྐོང་ཚོགས་གནང་སོང་།

ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་ཆེན་མོ་ནི་ལོ་གསུམ་རེའི་ནང་ཐེངས་རེར་འཚོགས་བཞིན་ཡོད་པ་དང་། ད་རེས་ཀྱི་འདི་ནི་ཚོགས་ཆེན་ཐེངས་བཞི་པ་དེ་ཡིན་འདུག ཀིརྟིའི་དགེ་རྩ་ཚོགས་པ་ནི། སྔ་མོའི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཞེས་མི་ལོ་ཉིས་བརྒྱ་ལྔ་བཅུ་ལྷག་གི་ལོ་རྒྱུས་ལྡན་པའི་བླ་བྲང་དེ་ཉིད་ཕྱི་ལོ་༢༠༠༨ལོར་རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་དེང་དུས་མང་གཙོའི་འགྲོ་ལུགས་ཀྱི་དགེ་རྩ་ཚོགས་པའི་ངོ་བོ་བསྒྱུར་གནང་མཛད་པ་ཞིག་ཡིན་འདུག

ཡིན་ནའང་། དུས་ཀྱི་འཕོ་འགྱུར་དབང་གིས་ད་ལྟའི་དགེ་རྩ་ཚོགས་པ་འདི་ནི་ཆབ་སྲིད་དང་འབྲེལ་བ་མེད་པའི་ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཤིག་ཡིན་འདུག་ལ། ཀིརྟིའིདགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཀྲ་ཚེ་རིང་མཆོག་ནས་འདས་པའི་ལོ་བཞིའི་རིང་གི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་བའི་ནང་བརྗོད་གཞི་གཙོ་བོ་ཁག་བཅུ་ཡོད་པ་དང་། དེ་ཡང་། ༡-ཞབས་རིམ་དང་མཆོད་འབུལ་བསྙེན་བཀུར་སྐོར། ༢-དམིགས་བསལ་སྣེ་ལེན་འཚམས་འདྲི་དང་ཟབ་སྦྱོང་གོ་སྒྲིག་ ༣-ཚོགས་འདུ་དང་བགྲོ་གླེང་། ལས་ཁུངས་འཛིན་ཆས་སྐོར། ༤-དཔར་སྐྲུན་དང་ལས་བྱེད་བསྐོ་བཞག འཛུགས་སྐྲུན་སོགས་ཀྱི་སྐོར། ༥-རོགས་སྐྱོརདང་ཞལ་འདེབས་སྐོར། ༦-ཟིན་བྲིས་དང་། གནས་འཕྲིན་སོགས་ཀྱི་སྐོར། ༧-གཞུང་དོན་ཕྱོགས་བསྐྱོད་སྐོར། ༨-སྐུ་གསུང་ཐུགས་རྟེན། མཆོད་ཆས། དཔར་སྐྲུན་སྐོར། ༩-དཔལ་འབྱོར་ཡོང་སོང་ལྷག་གསུམ་གྱི་སྐོར། ༡༠-ལས་འཆར་དང་ལས་མཇུག་ལྷག་ལུས་སྐོར་བཅས་ཡིན་འདུག

དེའི་རྗེས་འབྲེལ་ཡོད་སྒེར་ཁག་ལ་གཟིངས་བསྟོད་དང་ཐུགས་རྗེ་ལེགས་འབུལ་བཅས་གནང་བ་དང་། དེ་ནས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་ནང་ཀིརྟིའི་གྲྭ་ཚང་གསར་འཛུགས་དང་། སློབ་གཉེར་གནང་བ། སློབ་གཉེར་ཐོན་ཟིན་པའི་ནང་བསྟན་པ། འགྲོ་བའི་དོན་མཛད་པའི་འཕྲིན་ལས་རླབས་ཆེན་འབྱུང་བ་ནང་བཞིན་མ་འོངས་པར་ཡར་རྒྱས་གོང་འཕེལ་འགྲོ་བའི་ཡིད་ཆེས་ཞུ་ཡི་ཡོད། ད་ལྟའི་ཆར་ཁྲིམས་ཀྱི་དབང་བསྒྱུར་ཡང་དག་པའི་ཐོག་ང་ཚོས་དཔུང་པ་མཉམ་གཤིབ་ཀྱིས་སྤྱི་ཚོགས་ཐོག་འགྲོ་ཐུབ་པ་ཞིག་དགོས་སྐོར་གསུངས་སོང་།

མཐར་སྐུ་མགྲོན་དང་ཚོགས་མི་ཡོངས་ནས་སྐུ་པར་ལྷན་སྒྲོན་གནང་བ་དང་མཛད་སྒོ་ལེགས་པར་གྲོལ་སོང་།

གསལ་བསྒྲགས་ཀྱི་ས་མིག