19
Sun, May
28 New Articles

༢༠༡༩ལོའི་ཟླ་༤་ཚེས་༢༣་ཉིན་རྡ་སར་༸པཎ་ཆེན་འཁྲུངས་སྐར་དང་བསྟུན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་མགོ་བརྩམས་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༤་ཚེས་༢༣ ཉིན། བཞུགས་སྒར་རྡ་སའི་གཙུག་ལག་ཁང་གི་ཉེ་འགྲམ་གྱི་དཔའ་བོ་རྡོ་རིང་གི་མདུན་དུ་དབུས་གཞོན་ནུ་ལྷན་ཚོགས་དང་། བོད་རང་དབང་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག ༸པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ཏེ། རྡ་ས་ནས་ལྡི་ལི་བར་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བརྩམས་སོང་།

ལས་འགུལ་གོ་སྒྲིག་པ་ཚོས་༸པཎ་ཆེན་རིན་པོ་ཆེ་དགུང་སུམ་ཅུར་སླེབས་ཀྱི་ཡོད་པ་དང་བསྟུན་ནས་བོད་མི་སྦག་སྦག་ཞོན་མཁན་ཡང་སུམ་ཅུ་གྲ་སྒྲིག་བྱས་འདུག བོད་པ་སྦག་སྦག་ཞོན་མཁན་ཚོ་ས་ཕྱོགས་འདྲ་མིན་ནས་ཕེབས་ཡོད་པ་དང་། དཔེར་ན་ཨ་རི་དང་ལྡི་ལི། མང་ཤོས་དེ་ས་གནས་བདེ་སྐྱིད་གླིང་ནས་ཕེབས་ཡོད་པ་རེད། དེ་བཞིན་རྡ་ས་བཅས་ནས་ཁྱོན་བསྡོམས་ས་གནས་ཁག་བཞི་ལྔ་ནས་ཕེབས་ཡོད་ཅེས་བརྗོད་སོང་། དེ་རིང་ཚེས་༢༣་ཉིན་རྡ་ས་ནས་ཅ་ཌི་གྷ། དེ་ནས་ལམ་བར་དུ་གསར་འགོད་གསལ་བསྒྲགས་དང་ལས་འགུལ་སྤེལ་ཞོར་བྱས་ནས་ཚེས་༢༥ ཉིན་ལྡི་ལིར་འབྱོར་གྱི་ཡོད་པ་དང་། དེར་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་བསྲུ་རྩིས་བྱེད་རྒྱུ་ཡིན་འདུག

རྒྱ་གར་བོད་རང་དབང་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱི་གསུང་དོན། ང་ཚོས་ལོ་ལྟར་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་ཡོང་བའི་ཆེད་དུ་ལས་འགུལ་རབ་དང་རིམ་པ་མང་པོ་ཞིག་སྤེལ་གྱི་ཡོད་རེད། དེ་རིང་ང་ཚོ་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་དབུས་གཞོན་ནུ་ལྷན་ཚོགས་གཉིས་ཀྱིས་མཉམ་རུབ་ཐོག་ནས་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་འདི་གོ་སྒྲིག་བྱེད་པ་རེད། ལས་འགུལ་འདི་བརྒྱུད་ནས་རྒྱ་ནག་གཞུང་ལ་བརྡ་ལན་དང་། དེ་བཞིན་རྒྱ་གར་གྱི་མི་མང་ལ་པཎ་ཆེན་རིན་པོ་མཆོག་དང་འབྲེལ་བའི་་སྐོར་གོ་རྟོགས་སྤེལ་བའི་ལས་འགུལ། ཁྱབ་བསྒྲགས་བྱེད་རྒྱུ་བཅས་ཡིན། གཙོ་བོ་དེ་ཉིན་གསུམ་གྱི་ལས་འགུལ་ཆགས་ཀྱི་ཡོད་རེད། དེ་རིང་ཚེས་༢༣་ཉིན་རྡ་ས་ནས་སྦག་སྦག་སྐོར་བསྐྱོད་བྱས་ནས་ཚེས་༢༥ཉིན་ལྡི་ལིར་འབྱོར་གྱི་ཡོད་རེད། ཉིན་དེར་ཁོང་གི་འཁྲུངས་སྐར་ཉིན་མོ་ཡིན་པ་དང་ང་ཚོས་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་མཚམས་འཇོག་གི་རེད། ཉིན་གསུམ་གྱི་བརྒྱུད་རིམ་ཁྲོད་ནས་ང་ཚོས་ལས་འགུལ་རིམ་པ་ཁ་ཤས་སྤེལ་འཆར་ཡོད། ཅན་ལྡི་གྷ་ཡི་ནང་ས་གནས་གཞོན་ནུ་ཡོད་པ་དང་གཞོན་སྐྱེས་མང་པོ་ཡོད་པ་ཚོར་ལས་འགུལ་སྤེལ་རྒྱུ་དང་དེའི་ཐོག་ལ་གཏམ་བཤད་བྱ་རྒྱུ་དང་ཁྱབ་བསྒྲགས། དེ་བཞིན་ཅན་ལྡི་གྷར་ནང་ལོག་ལ་སྦག་སྦག་སྐོར་བསྐྱོད་འགྲོ་ཐུབ་པའི་ལས་འགུལ་ཞིག་གོ་སྒྲིག་ཞུ་ཡོད་ཅེས་དང་། དེ་མ་ཟད། ལྡི་ལིའི་ནང་ཡང་གཞོན་སྐྱེས་མང་པོ་ཡོད་པ་རྣམས་ལ་དང་ང་ཚོས་ལས་འགུལ་མང་པོ་ཞིག་གོ་སྒྲིག་ཞུ་ཡོད། དེར་བརྟེན་ཚང་མས་ང་ཚོའི་ལས་འགུལ་དེར་རྒྱབ་སྐྱོར་གནང་རྒྱུའི་རེ་བ་དང་དེ་བཞིན་དྲ་རྒྱ་དང་ངོ་དེབ་སོགས་ཀྱི་ཐོག་ལ་གང་མང་མང་བརྒྱུད་སྐུར་བྱེད་རོགས། དེས་ང་ཚོའི་ལས་འགུལ་དེ་ས་གནས་ཁོ་ན་མིན་པ་རྒྱལ་སྤྱིའི་སྡིངས་ཆ་ཆེན་པོའི་ཐོག་ལ་ཁྱབ་བསྒྲགས་འགྲོ་བར་ཕན་ཐོགས་ཡོང་གི་རེད་ཅེས་བརྗོད་སོང་།

དེའི་རྗེས། བོད་དབུས་གཞོན་ནུ་ལྷན་ཚོགས་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གསུང་དོན། ང་ཚོ་དེ་རིང་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་འདིར་དམིགས་ཡུལ་ཁག་གསུམ་ཆགས་ཡོད། དང་པོ་དེར། ༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཐོག་ལ་རེད། ཁོང་ད་ལོ་དགུང་ལོ་སུམ་ཅུ་ལ་ཕེབས་བསྡད་ཡོད་རེད། ཡིན་ན་ལས། ཁོང་ད་ལྟར་གནས་སྟངས་ག་འདྲ་འོག་བཞུགས་ཡོད་མེད་ང་ཚོས་ཤེས་ཀྱི་ཡོད་མ་རེད། སོང་ཙང། ཁོང་ནི་ཆོས་དང་སྲིད་གཉིས་ཀྱི་ཐོག་ནས་འབྲེལ་བ་ཆགས་བསྡད་ཡོད་དུས། ང་ཚོས་ངོས་ནས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཐོག་ལ་ཁྱབ་བསྒྲགས་བྱེད་རྒྱུར་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། གཉིས་པ་དེར། རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལ་ང་ཚོས་ངོས་ནས་ནམ་ཡང་ངོས་ལེན་མེད་ཞུས་ཡི་ཡིན། ལྷག་པ་དུ། བོད་པའི་ཆོས་ཕྱོགས་དང་ཡང་སྲིད་གནས་སྟངས་ཐོག་ལ་རྒྱ་ནག་གིས་ཐེ་གཏོགས་བྱེད་ཆོག་གི་མེད་ཞེས་ནས་གསལ་བོ་ཞུ་རྒྱུ་ཡིན། མ་འོངས་པའང་ང་ཚོའི་ལངས་ཕྱོགས་དང་སྲིད་བྱུས་་འགྱུར་བ་མེད་ཅེས་དང་། གསུམ་པ་དེར། ང་ཚོས་བོད་དོན་ཐོག་ཁྱབ་བསྒྲགས་བྱེད་རྒྱུ་དང་་ད་ལྟར་ཆར་བོད་ནང་ཧ་ལས་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་དུས། དེའི་ཐོག་ལ་ང་ཚོས་ཁྱབ་བསྒྲགས་བྱེད་རྒྱུ་དང་དེ་རིང་དུས་ཚོད་དེ་གལ་ཆེན་པོ་དང་རྩ་ཆེན་པོ་ཞིག་ཡིན་ཙང་ལས་འགུལ་འདི་སྤེལ་གྱི་ཡོད་ཅེས་གསུངས་སོང་།

གསལ་བསྒྲགས་ཀྱི་ས་མིག