19
Fri, Apr
27 New Articles

༢༠༡༩ཟླ་༣ ཚེས་༢༧ཉིན། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་གསལ་བཤད་གནང་བ། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ཟླ་༣ ཚེས་༢༧ཉིན། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བརྒྱད་པའི་ལས་རིམ་གཉིས་པར་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་བཀའ་ཤག་གི་གསལ་བཤད་གནང་དོན། བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས་སྐོར་གོ་རྟོགས་ཆེ་རུ་དང་གསལ་རུ་གཏང་དགོས་པའི་ཚོར་སྣང་བྱུང་སོང་། ལྔ་དང་ལྔ་བཅུའི་འཆར་སྣང་འདི་ཇི་ལྟར་བྱུང་བ་རེད་དམ་ཞེ་ན། དེ་སྔ་གནང་བ་གང་ཡོད། མ་འོངས་པར་གནང་རྒྱུ་གནང་ཡོད་པ་དེ་དག་གཞི་ལ་བཞག་པའི་ཐོག་ནས་རྒྱབ་ལྗོངས་ལོ་རྒྱུས་ཞུས་ན་བསམ་སོང་།

ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་ཚོགས་འདུ་གསུམ་ཚོགས་ཟིན་པ་རེད། ཐོག་མར་ཆབ་སྲིད་དང་འབྲེལ་བའི་ཚོགས་འདུ་ཚོགས་པ་རེད། ཆབ་སྲིད་དང་འབྲེལ་བའི་ཚོགས་འདུ་འཚོགས་སྐབས་ཚོགས་བཅར་བ་རྣམས་ནས་ཚོགས་འདུ་འདི་ཧ་ཅང་ཡག་པོ་བྱུང་སོང་། མ་འོངས་པར་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་འཚོགས་དགོས་འདུག་ཅེས་དགོངས་ཚུལ་ཤུགས་ཆེན་པོ་ཕེབས་པར་བརྟེན། གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་ཚོགས་པ་རེད། དེ་བཞིན་བོད་མིའི་རིག་གཞུང་དང་། ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན་ཐོག་ལྔ་དང་ལྔ་བཅུའི་ཚོགས་འདུ་ཚོགས་པ་རེད།

བཀའ་ཤག་སྐབས་༡༤པའི་སྐབས་སྲིད་སྐྱོང་ལ་ལྔ་དང་ལྔ་བཅུའི་སྐོར་བསམ་ཚུལ་བྱུང་བ་རེད། ཕྱོགས་གཅིག་ནས་ལྔ་དང་ལྔ་བཅུ་ཟེར་རྒྱུ་འདི་ལས་སླ་པོ་ཁྱོན་ནས་སླེབས་མ་སོང་། སེམས་པ་ཧ་ཅང་ལྗིད་པོ་ཆགས་པ་དང་འགན་ཧ་ཅང་ལྗིད་པོ་ཆགས། སེམས་པ་སྐྱོ་ཟེར་ན་འགྲིག་གི་མ་རེད་བསམ་གྱི་འདུག དེ་འདྲའི་བསམ་བློ་མང་པོ་བཏང་ནས་བྱུང་བ་ཞིག་རེད།

ལོ་རྒྱུས་སྙིང་བསྡུས་ཤིག་ཞུས་པ་ཡིན་ན། བཀའ་བློན་ཁྲི་པའི་དམ་འབུལ་རྗེས་༸རྒྱལ་བའི་གཟིམ་ཆུང་མཇལ་ཁ་ཡང་ཡང་བཅར་རྒྱུའི་སྐབས་ཐོབ་ཀྱི་ཡོད་པ་རེད། ཐེངས་གཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་“ད་ཁྱེད་རང་གིས་ཆབ་སྲིད་ཀྱི་འགན་འཁྱེར་དགོས་པ་རེད། འཆར་གཞི་གང་གདིང་བ་ཡིན་ནའང་ངོས་རང་མེད་པ་ནང་བཞིན་བྱས་ནས་འཆར་གཞི་སྒྲིགས་ཤོག་ཨང་” ཞེས་བཀའ་སློབ་ཕེབས་ཡོད། དེར་བརྟེན་དང་ཐོག་ཕྲན་རང་བོད་མི་ཞིག་ཡིན་པ་དང་། གཉིས་ནས་ནང་པ་ཞིག་ཡིན་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་བརྩི་བཀུར་ཞུ་མཁན་ཞིག་ཡིན་པའི་ཆ་ནས་སོ་སོའི་བློ་ཡུལ་ལ་མི་ཤོང་བ་ལྟ་བུ་ཞིག་བྱུང་།

བསམ་བློ་ཧ་ཅང་ལྗིད་པོ་ཆགས་པའི་བཀའ་དེ་འདྲ་ཕེབས་པར་བརྟེན་བཀའ་ཤག་ཏུ་ཡིན་ནའང་བཀའ་གཞན་ལ་སུ་ལའང་དེའི་སྐོར་གང་ཡང་ཞུས་མེད། མགོན་པོ་མཆོག་མེད་པའི་དུས་སྐབས་ཤིག་བློ་ཡུལ་དུ་འཁོར་ཐུབ་ཀྱི་མི་འདུག ང་འདིར་བཅར་དགོས་དོན་གཙོ་བོ་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་༸གོང་ས་མཆོག་ལ་ཞབས་ཕྱི་ཞུ་རྒྱུ་དང་། ༸གོང་ས་མཆོག་ལ་ཐུགས་ཕན་གསོ་བའི་ལས་དོན་སྤེལ་རྒྱུ། ༸གོང་ས་མཆོག་གི་བཀའ་སྲུང་ཅི་སྒྲུབ་ཞུ་དགོས་བསམས་ནས་བཅར་བ་ཡིན།

འདིར་བཅར་ནས་གཟིམ་ཆུང་མཇལ་ཁ་རིམ་པ་བཅར་བའི་སྐབས་སུ་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ཐེངས་མང་པོ་ཕེབས་སྟབས། ༸གོང་ས་མཆོག་གིས་བཀའ་སྒྲུབ་དགོས་རྒྱུ་ནི་ངའི་འགན་ཆེ་ཤོས་དེ་ཡིན་པར་བརྟེན་བསམ་བློ་མང་པོ་བཏང་མཐར་ལྔ་དང་ལྔ་བཅུ་འདི་བསམ་བློར་འཁོར་བྱུང་། ལྔ་དང་ལྔ་བཅུ་ཞེས་བཤད་པ་ཡིན་ན། ཕྱོགས་གཅིག་ནས་ལོ་ལྔ་དང་ལོ་ལྔ་བཅུ་རེད། ཕྱོགས་གཞན་ཞིག་ནས་འཕྲལ་དུ་བྱེད་དགོས་པ་དང་ཕུགས་ལ་བྱེད་དགོས་པ། དེ་ཚོའི་ཐོག་ང་ཚོའི་སྤྱི་ཚོགས་དང་བཀའ་ཤག་ནང་བཀའ་བསྡུར་ཡོང་རྒྱུ། མི་མང་ནང་གོ་རྟོགས་སྤེལ་རྒྱུ་བཅས་བྱས་པ་ཡིན་ན། རིམ་པས་བགྲོ་གླེང་ཡོང་བ་ལ་བརྟེན་ནས་ལྔ་དང་ལྔ་བཅུའི་འཆར་སྣང་དང་། འཆར་གཞི། སྲིད་བྱུས། ལས་འཆར། ལག་བསྟར་བཅས་ཀྱི་ཐོག་ནས་འགྲོ་རྒྱུ་ཡོང་གི་རེད་བསམས་པའི་ཐོག་ནས་ལྔ་དང་ལྔ་བཅུ་ཆགས་སྟངས་འདི་ལྟར་རེད།

མགོན་པོ་གང་ཉིད་མཆོག་དགུང་ལོ་༧༠ ཙམ་རིང་སྐུ་ལས་བསྐྱོན་གནང་མཛད་པའི་ཐུགས་རྗེའི་དྲིན་ལ་བརྟེན་ནས་ང་ཚོ་འཛམ་གླིང་ནང་མགོ་བཀྱག་ནས་འགྲོ་ཐུབ་པ་དང་། བོད་མིའི་སྒྲིག་འཛུགས་ཡིན་ནའང་ཧྲ་ཏག་ཏག་ཡོད་པ། བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་ཡིན་ནའང་སྙིང་སྟོབས་འཕེལ་གཞི་ཞིག་ཏུ་གྱུར་ཡོད། བོད་མི་གཞོན་སྐྱེས་མི་རབས་གསུམ་པ་ཕེབས་ཡོད་ནའང་བོད་སྤྱི་པའི་རྩ་དོན་རྩོད་བཞིན་ཡོད་པ་དེ་དག་ད་དུང་སྲ་བརྟན་རྒྱུན་ནས་ཐོག་ནུས་པ་ཆེ་རུ་གཏོང་དགོས་པ་རེད་མ་གཏོགས་མགོན་པོ་༸གང་ཉིད་མཆོག་མཐར་ཐུགས་ཕམ་དགོས་པའི་གནས་སྟངས་ཤིག་ཆགས་པ་ཡིན་ན། ཧ་ལས་པའི་ཐབས་སྐྱོ་པོ་རེད།

༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུའི་མཛད་འཆར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། ང་ལའང་དེ་མཚུངས་མགོན་པོ་གང་ཉིད་ཀྱིས་བཀའ་སློབ་སྩལ་བྱུང་། དེར་བརྟེན་༸གོང་ས་མཆོག་གིས་ད་བར་མཛད་འཕྲིན་བསྐྱངས་པ་དེ་དག་མི་ཉམས་གོང་འཕེལ་གཏོང་རྒྱུའི་འགན་བོད་མི་མང་ཚོགས་ལ་བབ་འདུག དེ་སྔ་ཡིན་ན་བོད་མིའི་སྒྲིག་འཛུགས་ལ་དཀའ་ངལ་གང་འཕྲད་ཀྱང་༸རྒྱལ་བའི་གཟིམ་ཆུལ་མཇལ་བཅར་ཞུས་ནས་འགྲོ་བཞིན་ཡོད། རྒྱལ་སྤྱིའི་ཐོག་བོད་ཀྱི་རྩ་དོན་དང་འབྲེལ་བའི་འགན་ཡོངས་རྫོགས་མི་མང་སྟེང་བབ་པ་མ་གཏོགས་༸གོང་ས་མཆོག་ལ་ཡར་ཞུ་རྒྱུའི་གོ་སྐབས་ཉུང་དུ་འགྲོ་གི་རེད། ང་ཚོས་འགན་ཆེ་རུ་འཁྱེར་དགོས་ཀྱི་ཡོད་སྟབས། འཕྲལ་ཕུགས་ལ་འཆར་གཞི་དགོས་ཀྱི་འདུག ད་ལྟ་དང་མ་འོངས་པའི་འཆར་གཞི་དགོས་ཀྱི་འདུག ཅེས་བསམ་བློ་བཏང་ནས་ལྔ་དང་ལྔ་བཅུ་ཞེས་པ་འདི་ལྟར་སླེབ་ཡོང་གི་ཡོད་པ་རེད། བཀའ་ཤག་གི་བསམ་བློ་མང་པོ་བཏང་བ་དང་བཀའ་བསྡུར་མང་པོ་གནང་སྟེ་བྱུང་བ་ཞིག་རེད། ཅེས་ཞུ་རྒྱུ་ཡིན།

༸གོང་ས་མཆོག་གི་བཀའ་དགོངས་བཞིན་ང་ཚོས་བྱེད་ཐུབ་པ་གང་ཡོད་པ་དེའི་ཐོག་དགོངས་པ་བཞེས་ནས་བཀའ་ཤག་གིས་འཆར་གཞི་བཏིང་བ་རེད། ལྔ་དང་ལྔ་བཅུའི་འཆར་གཞི་འདི་ཕྱི་ལོ་༢༠༡༢། ༢༠༡༣། ༢༠༡༤ནས་ཡོད། འོན་ཀྱང་དངོས་སོ་ལག་བསྟར་བྱ་རྒྱུ་དེ་ཉེ་ཆར་མ་གཏོགས་ཐུབ་མེད། དང་པོ་ཐབས་ཤེས་བྱས་ནས་སྒྲུབ་ཀྱི་འདུག་དང་མི་འདུག་ལྟ་ན་མ་གཏོགས་མ་སྒྲུབ་སྔོན་ལ་འཆར་སྣང་སྐོར་བཤད་ན་ཡག་པོ་མེད། དེར་བརྟེན་ད་ལྟའི་ཆར་ང་ཚོས་བྱེད་ཐུབ་པ་དེ་གང་ཙམ་བྱས་ཡོད། ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་ཐོག་ནས་ཆོས་རིག་ལས་ཁུངས་ནས་མཐའ་མཚམས་ཁག་ཏུ་ཡོད་པའི་དགོན་སྡེ་ཆུང་ཁག་ལ་སྟོན་པའི་སྐུ་བརྙན་འབུལ་རྒྱུ་དང་། དགོན་པ་ཉམས་གསོ། དཔེ་ཁྲིད་དགེ་རྒན་རྣམས་ལ་མཐུན་འགྱུར། ནང་སྲིད་ལས་ཁུངས་དང་འབྲེལ་བའི་ཐོག་ནས་ཕྱི་ལོ་༢༠༡༤ལོར་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་བྱུང་བའི་ཐོག་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཚང་མ་ཁྲིམས་མཐུན་བཟོ་རྒྱུ་དང་། གཞིས་ཆགས་ཁག་མང་པོ་ཞིག་ལ་དེབ་སྐྱེལ་མེད་པར་ལྷག་ཡོད། ལྔ་དང་ལྔ་བཅུའི་འཆར་སྣང་གཞིར་བཟུང་རྒྱ་གར་གཞུང་ནས་བཙན་བྱོལ་བོད་མི་རྣམས་ལ་སྲིད་བྱུས་ཤིག་ཡོད་པ་ཡིན་ན་འཕྲལ་ཕུགས་བརྟན་པོ་ཡོང་ས་རེད་ཅེས་སྲིད་བྱུས་གཏན་འབེབས་བྱུང་བ་གཞིར་བཟུང་མངའ་སྡེ་ནས་གུན་གསབ་ཐོབ་ཀྱི་ཡོད་པ་རེད། སྔོན་མ་ཡིན་ན་འཛིན་སྐྱོང་ནས་དམིགས་བསལ་གནང་བ་མ་གཏོགས་སྲིད་བྱུས་བཞིན་ཐོབ་ཐང་ལྟ་བུར་ཐོབ་ཀྱི་མེད།

དཔལ་འབྱོར་ལས་ཁུངས་ནས་རང་ཁ་རང་གསོ་ཡོང་སླད་དངུལ་ཁང་བཙུགས་ནས་སྐྱེད་ཀ་དམའ་བོའི་ཐོག་ནས་བུན་གཡར་ལས་གཞི་སོགས་ལས་འཆར་ཆེན་པོ་ཡོད་པ་མ་ཟད། ལག་བསྟར་བྱེད་བཞིན་ཡོད། ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་བཞིན་ཡོད། བདེ་སྲུང་ལས་ཁུངས་ནས་རྒྱ་གར་གཞུང་ལ་ཞུས་ཏེ་༸གོངས་མཆོག་གི་༸སྐུ་ཕྱྭའི་སྲུང་སྐྱོབ་སྔར་ལས་ལྷག་པ་ཡོད། འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་ལྟ་སྐྱོང་ལས་གཞི་སོགས་མདོར་ན་ལྷན་ཁང་ཁག་ཚང་མས་ལས་འཆར་ཆེན་པོ་རེད། འཆར་གཞི་དང་ལྡན་པའི་ཐོག་ནས་ལག་བསྟར་གནང་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་འཛམ་གླིང་གི་འགྲོ་སྟངས་གཞིར་བཟུང་ང་ཚོས་བྱེད་ཐུབ་པ་དེ་དག་ལྷན་ཁང་ཁག་གི་སྲིད་བྱུས་དང་ལས་འཆར་ཡོད་པའི་ཐོག་ལས་བསྟར་བྱེད་ཐུབ་པ་དེ་རེད།

གཞན་ལ་བསྟུན་ནས་བྱེད་དགོས་པ་དེ་ཆབ་སྲིད་ཆགས་ཀྱི་འདུག དབུ་མའི་ལམ་གཞི་ལ་བཞག་པའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་གཉིས་གཙོ་བོ་རེད། ཆབ་ཀྱི་གནད་འགག་ཧ་ཅང་ཆེན་པོ་འདུག དེར་བརྟེན་བོད་མིའི་སྒྲིག་འཛུགས་ནང་བཀའ་བསྡུར་རིམ་པ་བྱུང་གི་ཡོད་ནའང་དེའི་ཐོག་ང་ཚོའི་གྲོགས་པོ་རྙིང་པ་མཁས་པ་དེ་འདྲ་གདན་འདྲེན་ཞུས་ནས་བགྲོ་གླེང་བྱས་ན། ཞེས་གཙོ་ཆེ་ཤོས་རྩ་དོན་དང་ཆབ་སྲིད་གལ་ཆེན་པོ་བརྩིས་པའི་ཐོག་ནས་བརྗོད་གཞི་ཁག་བཞིའི་ཐོག་ལྔ་དང་ལྔ་བཅུའི་ཚོགས་འདུ་དང་པོ་ཆབ་སྲིད་དང་རྩ་དོན་ཐོག་ཚོགས་པ་རེད། ད་རེས་ཞུས་དགོས་དོན་ནི། ལྔ་དང་ལྔ་བཅུའི་སྐོར་དམིགས་བསལ་ཆོགས་ཆེན་འཚོགས་རྒྱུ་ཡིན་སྟབས། རྒྱ་ཆེ་མང་ཚོགས་ངོས་ནས་ཀྱང་བརྗོད་གཞི་ཁག་བཞི་གང་ཡིན་པ་མཁྱེན་པའི་ཐོག་དགོངས་ཚུལ་ཇི་ཙམ་ཕེབས་པ་ཡིན་ནའང་ཡག་པོ་འདུག མཁས་པ་དང་གནད་ཡོད་མི་སྣས་དགོངས་ཚུལ་གང་ཕེབས་པ་རྣམས་ཕྱོགས་སྒྲིག་གནང་ཡོད། གསལ་པོ་ཞུ་རྒྱུ་ཞིག་ལ་ཕྱོགས་སྒྲིག་གནང་བ་དེ་དག་བཀའ་ཤག་ནས་མོས་མཐུན་ཡོད་ཅེས་རྩ་བ་ཉིད་ནས་ཞུ་གི་མེད། འགྲོ་གྲོན་བཏང་ནས་མཁས་པ་མང་པོ་ཞིག་ཕེབས་ཡོད་སྟབས། ཁོང་ཚོའི་དགོངས་ཚུལ་དེ་དག་ཐུགས་ཕན་གསོ་བ་ཡོང་ས་རེད་བསམ་པ་དེ་དག་ཕྱོགས་སྒྲིག་གནང་ཡོད། འདི་ཁོ་རང་ཚོའི་དགོངས་ཚུལ་རང་རེད། དེར་བརྟེན་ང་ཚོས་འགྲེམས་སྤེལ་ཞུ་རྒྱུ་དེ་ལ་ལས་ཤོག་དང་མཚན་རྟགས་མེད། འདི་དགོངས་ཚུལ་ཕྱོགས་སྒྲིག་གནང་བ་རང་རེད། ཕྱོགས་སྒྲིག་གནང་བ་དེ་ཁོང་ཚོའི་དགོངས་ཚུལ་རེད། བརྗོད་གཞི་ཁག་བཞི་ནི་མཁས་པ་མང་པོ་དང་གྲོས་བསྡུར་བྱས་ནས་ང་ཚོའི་བསམ་ཚུལ་རེད། བརྗོད་གཞི་ཁག་བཞིའི་ཐོག་གནད་དོན་གཞན་པ་སྦྱར་དགོས་ཀྱི་འདུག དམིགས་བསལ་ཚོགས་ཆེན་ཐོག་དེའི་སྒང་བགྲོ་གླེང་གནང་དགོས་ཀྱི་འདུག་ཟེར་ན། འདི་མི་མང་དང་གྲོས་ཚོགས་ཀྱི་སྐུ་དབང་རེད། དེའི་ཐོག་ག་ཚོད་གནོན་པ་ཡིན་ནའང་དགའ་བསུ་ཡོད་མ་གཏོགས་དོགས་ཟོན་དང་ཐེ་ཚོམ་བྱེད་དགོས་དོན་རྩ་བ་ཉིད་ནས་མེད། བརྗོད་གཞི་ཁག་བཞི་པོ་མཁྱེན་པའི་ཐོག་ནས་དགོངས་ཚུལ་ཕེབས་པ་ཡིན་ན་ཡག་པོ་འདུག ཅེས་ཞུ་རྒྱུ་ཡིན།

བརྗོད་གཞི་དང་པོ། བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་དོན་ཕན་ལྡན་པའི་འབྲེལ་ལམ་དང་ཞི་མོལ་ཡོང་ཐབས། ཞེས་པའི་ཐོག་བཀའ་བསྡུར་གནང་བ་རེད། ལྔ་དང་ལྔ་བཅུའི་ཆབ་སྲིད་དང་འབྲེལ་བའི་ཚོགས་འདུ་ཚོགས་དགོས་དོན་ནི། མིང་དོན་མཚུངས་པའི་རང་སྐྱོང་ཇི་ལྟར་ཐོབ་དགོས་པའི་ཐོག་བསྐོང་བ་ཡིན། ཞེས་དེ་སྔ་ནས་ཞུས་ཡོད། བརྗོད་གཞི་འདིའི་ཐོག་རྒྱབ་གཉེར་བསམ་འཆར་ཁག་༡༣་བྱུང་ཡོད།

བརྗོད་གཞི་གཉིས་པ། བོད་དང་རྒྱ་གར་གྱིས་གཙོས་ཨེ་ཤི་ཡ་བར་གྱི་འབྲེལ་བ། ཞེས་པ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ང་ཚོར་རྒྱ་གར་གཞུང་མང་གཉིས་ལས་གལ་ཆེ་བ་མེད། བརྗོད་གཞི་འདིའི་ཐོག་ལའང་རྒྱབ་གཉེར་བསམ་འཆར་ཁག་༡༣་བྱུང་ཡོད།

བརྗོད་གཞི་གསུམ་པ། རྒྱལ་སྤྱིའི་འབྲེལ་ལམ་དང་དྲིལ་བསྒྲགས་སྐོར་རེད། བརྗོད་གཞི་འདིའི་ཐོག་རྒྱབ་གཉེར་བསམ་འཆར་ཁག་༧་བྱུང་ཡོད།

བརྗོད་གཞི་བཞི་པ། ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་བོད་མིའི་སྒྲིག་འཛུགས་ནས་འགོ་ཁྲིད་གནང་ཕྱོགས། བརྗོད་གཞི་འདིའི་ཐོག་རྒྱབ་གཉེར་བསམ་འཆར་ཁག་༡༡་བྱུང་ཡོད།

ཆབ་སྲིད་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཚོགས་ཚར་བའི་རྗེས་སུ་གྲོགས་པོ་རྙིང་པ་དང་མཁས་དབང་བཅས་ནས་ཚོགས་འདུ་ཧ་ཅང་ཡག་པོ་བྱུང་སོང་ཞེས་ཡོངས་གྲགས་ཡིན་པ་མ་ཟད། འདི་ལྟ་བུའི་ཚོགས་འདུ་གཞོན་སྐྱེས་ལའང་དགོས་འདུག་གསུངས་པ་ལྟར། གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་ལའང་བརྗོད་གཞི་མི་འདྲ་བ་ཁག་བཞི་ཡོད། ཕྲན་བུ་མི་འདྲ་བ་མ་གཏོགས་འདྲ་བོ་རེད།

བརྗོད་གཞི་དང་པོ་ནི། བོད་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ། ལོ་རྒྱུས་ཐོག་འབྲེལ་ལམ་གྱི་གལ་གནད་དང་། དོན་ཕན་གྱི་འབྲེལ་ལམ་དང་གྲོས་མོལ་བསྐྲུན་ཐབས། བརྗོད་གཞི་གཉིས་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུན་མོང་ནས་བོད་ཀྱི་གནད་དོན་ཐོག་ཡ་ལན་བྱེད་ཕྱོགས། བརྗོད་གཞི་གསུམ་པ། བོད་མིའི་རང་དབང་འཐབ་རྩོད་ཐོག་ན་གཞོན་རྣམས་ཀྱི་ལས་འགན། ཡིག་ངག་གཉིས་ཐོག་འབྲེལ་ལམ། ཞུ་གཏུག་དང་། རྒྱལ་སྤྱིའི་འབྲེལ་ལམ།

བརྗོད་གཞི་བཞི་པ། ལྔ་དང་ལྔ་བཅུའི་འཆར་སྣང་ཐད་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ནས་འགན་ཁུར་བཞེས་ཕྱོགས་དང་། འཆར་སྣང་ལྡན་པའི་དབུ་ཁྲིད་བསྐྲུན་ཐབས་དང་། ནུས་པ་མཉམ་སྤུངས། ཞེས་པ་དེ་རེད། ཆབ་སྲིད་གནད་འགག་བརྩིས་པའི་ཐོག་ནས་བརྗོད་གཞི་ཁག་བརྒྱད་དེ་དག་ཆབ་སྲིད་དང་འབྲེལ་བ་ཡོད། དེ་བཞིན་རིག་གཞུང་དང་ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན་དང་འབྲེལ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་ནས་ལྔ་དང་ལྔ་བཅུའི་ཚོགས་འདུ་ཚོགས་པ་རེད།

བརྗོད་གཞི་དང་པོ། བོད་ཀྱི་རིག་གཞུང་རྒྱུན་གནས་ཐུབ་ཐབས་སྐོར་རེད། འདི་ལ་ནང་གསེས་བཞི་ཡོད། ༡། བོད་ཀྱི་རིག་གཞུང་གི་ངོ་བོ་འཛིན་སྟངས་དང་མི་ཉམས་རྒྱུན་འཛིན། ༢། བོད་ཀྱི་སྐད་ཡིག་གོང་སྤེལ་གཏོང་ཐབས། ༣། བོད་བརྒྱུད་ནང་བསྟན་དང་དེའི་རིན་ཐང་དར་སྤེལ་བརྒྱུད་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས། ༤། འགྲེམས་སྟོན་ཁང་དང་རིག་གཞུང་བསྟི་གནས་ཁང་ཁག་ནས་བརྒྱུད་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས། བརྗོད་གཞི་གཉིས་པ། བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་སྐོར། ༡། སྤུས་ཚད་ལྡན་པའི་ཤེས་ཡོན་གྱི་གནད་དོན། ༢། སློབ་གྲྭའི་ནང་འགོ་ཁྲིད་ཀྱི་ནུས་པ་ཡར་རྒྱས་གཏོང་དགོས་པ། ༣ །སྤྱི་ཚོགས་དང་མི་འབོར་ལ་འཕྲད་པའི་དཀའ་ངལ་གྱིས་ཤེས་ཡོན་ལ་ཤུགས་རྐྱེན། ༤། གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་དཀའ་ངལ། ༥། བོད་མིའི་སྤྱི་ཚོགས་ནང་ཁྱད་ལས་གསོ་སྐྱོང་བྱ་ཐབས།

བརྗོད་གཞི་གསུམ་པ། ༡། བོད་མིའི་སྤྱི་ཚོགས་ནང་ནས་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལགདོང་ལེན་བྱེད་བཞིན་པ། ༢། དཔལ་འབྱོར་གྱི་ཆ་ནས་བོད་མིའི་འཕྲོད་བསྟེན་མཐུན་རྐྱེན་སྲ་བརྟན་དང་རྒྱུན་གནས་ཡོང་ཐབས། ༣། བོད་མིའི་འཕྲོད་བསྟེན་ལྟ་སྐྱོང་ལས་གཞིའི་ནང་མིའི་ནུས་པ་དང་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སྨན་ཁང་ཁག་གི་ནང་འཕྲོད་བསྟེན་ལྟ་སྐྱོང་དང་ཞབས་ཞུའི་སྤུ་ཚད་ཡར་རྒྱས་གཏོང་ཐད། ༤། བོད་ཀྱི་གསོ་བ་རིག་པ་རྒྱ་བསྐྱེད་དང་ཟུང་སྦྲེལ་གྱི་ཐབས་ལམ། ༥། ཕྱི་ལུགས་སྨན་བཅོས་ཞུ་ཕྱོགས་ཀྱི་ཐབས་ལམ་དང་ནད་རིགས་སྔོན་འགོག ཅེས་རེད་འདུག

བརྗོད་གཞི་བཞི་པ། བོད་མིའི་སྤྱི་ཚོགས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་ཐབས་སྐོར་རེད། ༡། གནས་ཡུལ་སྤོ་བཞུད་དང་གཞོན་སྐྱེས་དང་འབྲེལ་བའི་གནད་དོན་སེལ་ཐབས། ༢། གཞིས་ཆགས་ཁག་གི་ཞིང་ལས་གཉེར་ཕྱོགས་འགྱུར་བཅོས་གནང་ཐབས། ༣། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དཔལ་འབྱོར་གྱི་ཐུན་རྐྱེན་དང་ལས་རིགས་མཐུན་འགྱུར་ཡོང་སླད་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱུན་གནས་ཐུབ་པའི་དཔལ་འབྱོར་ཞབས་ཞུ་བསྟི་གནས་རིགས་འཛུགས་ཐབས། ༤། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡར་ཐོན་ཚོང་ལས་དང་ཚོང་ལས་ཆེ་འབྲིང་ཆུང་གསུམ་ཡོང་བའི་ཀུན་སློང་དང་རྒྱབ་སྐྱོར་སྤེལ་ཐབས། ༥། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མིའི་འོས་འགན་བཅས་རེད། ཅེས་སོགས་གསུང་།།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་དྲངས།

གསལ་བསྒྲགས་ཀྱི་ས་མིག