19
Fri, Apr
27 New Articles

༢༠༡༩ལོའི་ཟླ་༣ ཚེས་༢༧་ཉིན། ༸གོང་ས་མཆོག་གིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞི་བདེ་གོང་འཕེལ་གཏོང་མཁན་གྱི་ཚོགས་མི་༨༥ རྣམས་ལ་སྡུག་བསྔལ་ལ་ཇི་ལྟར་གདོང་ལེན་བྱེད་དགོས་པའི་སྐོར་བཀའ་སློབ་སྩལ་འདུག པར། ༸རྒྱལ་བ་རིན་པོའི་དྲ་བ།

བཙན་བྱོལ་གྱི་གསར་འགྱུར།
Typography

སྡུག་བསྔལ་ནི་འཁོར་བའི་ཆོས་ཉིད་རེད། སྡུག་བསྔལ་དེ་དག་ལ་གདོང་ལེན་བྱེད་སྐབས་བསམ་བློ་ཞི་བདེ་བག་ཕེབས་ཡོད་ན་ཕན་ཐོགས་ཧ་ཅང་ཡོད། དེ་འདྲ་ཡོང་བའི་ཐབས་ལམ་གཅིག་ནི་སེམས་བསྐྱེད་ཀྱི་བློ་དེ་རེད། གཞན་དོན་ལ་སེམས་ཁུར་བྱ་རྒྱུ་དང་གཞན་གྱི་བཀའ་དྲིན་དྲན་དགོས་པ་དེ་རེད། གཞན་ཡང་རང་ཉིད་དང་འདྲ་བར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་པ་མཚུངས་པ་རེད། དེར་གཞི་བཅོལ་ནས་བྱམས་བརྩེའི་བློ་སྐྱེ་ཐབས་བྱེད་ཀྱི་ཡོད། འདི་ནི་ངོས་ཀྱི་ཉིན་རེའི་བྱེད་སྒོ་ཞིག་ཡིན་ཞེས་༸གོང་ས་མཆོག་གིས་བཀའ་སྩལ་འདུག

དེ་ཡང་༢༠༡༩ལོའི་ཟླ་༣ ཚེས་༢༧་ཉིན། བཞུགས་སྒར་རྡ་སའི་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞི་བདེ་གོང་འཕེལ་གཏོང་མཁན་གྱི་ཚོགས་མི་༨༥ རྣམས་ལ་སྡུག་བསྔལ་ལ་ཇི་ལྟར་གདོང་ལེན་བྱེད་དགོས་པའི་སྐོར་བཀའ་སློབ་སྩལ་འདུག

ཚོགས་པ་བཅོ་བརྒྱད་བརྒྱད་ཅུ་(Club 1880)ཞེས་པའི་ཞི་བདེ་གོང་འཕེལ་བསྟི་གནས་ཁང་གི་སྐུ་ཞབས་མཱག་ནི་ཀོལ་སན་ (Marc Nicholson) ལགས་ཀྱིས་ཐོག་མར་ངོ་སྤྲོད་གནང་དོན། “ང་ཚོ་དེ་རིང་འདིར་བཅར་རྒྱུ་བྱུང་བར་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། འདིར་སིངྒ་པུར་ནས་མི་བརྒྱད་ཅུ་གྱ་ལྔ་ཡོད། ཆོས་དང་རིག་གཞུང་། ལས་རིགས་འདྲ་མིན། དེ་བཞིན་ལོ་ནའི་ཆ་ནས་གཞོན་སྐྱེས་ལོ་ན་ཆུང་ཤོས་ལོ་དགུ་དང་། ལོ་རྒན་ཤོས་དྲུག་ཅུ་རེ་ལྔ་བཅས་རྒྱབ་ལྗོངས་གནས་སྟངས་དེ་ལྟར་ཡིན་ཡང་། འཛམ་གླིང་ཇེ་བཟང་དུ་གཏོང་རྒྱུའི་ལས་དོན་སྤེལ་ཆེད་ང་ཚོ་ཚང་མ་གཅིག་གྱུར་ཐོག་ནུས་པ་འདོན་ཐབས་བྱེད་བཞིན་ཡོད། ང་ཚོ་སིངྒ་པུར་ནས་སྐུ་ཉིད་མཆོག་མཇལ་ཁ་ཞུ་ཆེད་བཅར་བ་ཡིན། གང་ཡིན་བརྗོད་ན་ང་ཚོས་བཟང་ཕྱོགས་ཀྱི་རེ་བ་ཞུ་ས་སྐུ་ཉིད་ཡིན། ཐུགས་རྗེ་ཆེ། ”ཞེས་ངོ་སྤྲོད་སྙན་སྒྲོན་ཞུས།

དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་དོན། འདིར་ཁྱེད་རང་ཚོ་མི་ ༨༥ ཡོད་པའི་ནང་ཙམ་མ་ཟད། འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པའི་ནང་མི་རྣམས་ཕན་ཚུན་གདོང་རིས་མི་འདྲ་བ་རེད། འོན་ཀྱང་ང་ཚོ་ཚང་མ་མའི་མངལ་ནས་སྐྱེ་ལུགས་གཅིག་པ་རེད། ངོས་རང་ཆུང་བྱིས་པའི་སྐབས་ནས་ཉོན་མོངས་པའི་བློར་གཉེན་པོ་ཇི་ལྟར་བསྟེན་དགོས་པའི་ཐོག་སློབ་སྦྱོང་བྱེད་མྱོང་ཡོད། མི་ཚེའི་ནང་སྐབས་རེ་གནས་སྟངས་ཧ་ཅང་དཀའ་ངལ་ཅན་འཕྲད་སྲིད་པ་ཞིག་རེད། གཙོ་ཆེར་ནང་གི་བསམ་བློ་ཞི་བདེ་བག་ཕེབས་ཐོག་གནས་ཐུབ་པ་དགོས་རྒྱུ་དེ་ཧ་ཅང་གལ་ཆེ་ཡིན་པ་ངོས་ལ་ངེས་ཤེས་རྙེད་བྱུང་། ནང་པའི་ལྟ་གྲུབ་ཐོག་ནས་བརྗོད་ན་སྡུག་བསྔལ་ནི་འཁོར་བའི་ཆོས་ཉིད་རེད་ཅེས་དང་།

ཁོང་གིས་མུ་མཐུད་ནས་བཀའ་སློབ་ཕེབས་དོན། སྡུག་བསྔལ་དེ་དག་ལ་གདོང་ལེན་བྱེད་སྐབས་བསམ་བློ་ཞི་བདེ་བག་ཕེབས་ཡོད་ན་ཕན་ཐོགས་ཧ་ཅང་ཡོད། དེ་འདྲ་ཡོང་བའི་ཐབས་ལམ་གཅིག་ནི་སེམས་བསྐྱེད་ཀྱི་བློ་དེ་རེད། གཞན་དོན་ལ་སེམས་ཁུར་བྱ་རྒྱུ་དང་གཞན་གྱི་བཀའ་དྲིན་དྲན་དགོས་པ་དེ་རེད། གཞན་ཡང་རང་ཉིད་དང་འདྲ་བར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་པ་མཚུངས་པ་རེད། དེར་གཞི་བཅོལ་ནས་བྱམས་བརྩེའི་བློ་སྐྱེ་ཐབས་བྱེད་ཀྱི་ཡོད། འདི་ནི་ངོས་ཀྱི་ཉིན་རེའི་བྱེད་སྒོ་ཞིག་ཡིན།

ང་ཚོ་ཚང་མའི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཡོད་པ་རེད། གལ་ཏེ་ང་ཚོས་མི་གཞན་ཡང་རང་ཉིད་དང་འདྲ་བ་ཡིན་པའི་ལྟ་ཚུལ་འཛིན་ཐུབ་པ་ཡིན་ན་མི་གཞན་སུ་འདྲ་ཞིག་དང་ཐུག་སྐབས་ལམ་སང་སེམས་ཐག་ཉེ་པོ་ཆགས་ཐུབ་ཅེས་གསུངས།

དེའི་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་གི་ཐུགས་བསྐྱེད་དམ་བཅའ་གསུམ་ལས་གཉིས་པ་ཆོས་ལུགས་མཐུན་སྒྲིལ་དང་། ཐུགས་བསྐྱེད་དམ་བཅའ་གསུམ་པ་བོད་རིགས་ཀྱི་ལས་འགན་ཐོག་བཀའ་སློབ་སྩལ་དོན། གསུམ་པ་དེ་ངོས་རང་བོད་མི་ཞིག་དང་ལྷག་པར་ཏཱ་ལའི་བླ་མའི་མིང་ཞིག་ཡོད་པ་རེད། བོད་མི་ས་ཡ་དྲུག་གིས་ངོས་ལ་ཡིད་ཆེས་བྱེད་བཞིན་ཡོད། སྤྱིར་ཕྱི་ལོ་ ༢༠༠༡ ནས་བཟུང་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་ལས་འགན་བཞག་སྟེ་གཙོ་ཆེར་བོད་མིའི་རིག་གཞུང་གཅེས་འཛིན་ཐོག་ལས་ཀ་བྱེད་ཀྱི་ཡོད་ཅེས་དང་།

གཞན་ཡང་དེ་སྔོན་བོད་ནི་ཨེ་ཤ་ཡའི་ནང་སྟོབས་ཆེན་རྒྱལ་ཁབ་ཞིག་ཡིན་པའི་སྐོར་ནས་བཀའ་སྩལ་དོན། རྒྱ་ནག་ཐང་རྒྱལ་རབས་སྐབས་ཀྱི་ཡིག་ཆའི་ནང་དེ་སྔ་ཨེ་ཤི་ཡའི་ནང་སྟོབས་ཆེན་རྒྱལ་ཁབ་གསུམ་སྟེ་རྒྱ་ནག་དང་ཧོར། བོད་ཅེས་ཡིན་པར་གསལ་ཡོད། བོད་ཀྱི་རྒྱལ་པོས་རྒྱ་ནག་གོང་མའི་སྲས་མོ་དང་གཉེན་སྒྲིག་བྱས་ཡོད། རྒྱ་བཟའ་ཀོང་ཇོས་བོད་དུ་ཇོ་བོ་ཤཱཀྱ་མུ་ནི་གདན་དྲངས་པ་རེད། དེ་ནས་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་རྒྱ་གར་ནས་བོད་དུ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་གདན་དྲངས་ནས་ནང་ཆོས་དར་འཕེལ་རྒྱ་ཆེ་མཛད་ཡོད།

ད་ཆ་རྒྱ་གར་གནའ་རབས་དཔལ་ནཱ་ལེནྜའི་ཆོས་རྒྱུད་དྲི་མ་མེད་པ་ཞིག་སློབ་སྦྱོང་བྱེད་དགོས་ཚེ་བོད་སྐད་ལས་ལྷག་པ་ཞིག་མེད། གཙོ་ཆེར་མཁན་ཆེན་ཞི་བ་འཚོས་ལེགས་སྦྱར་ནང་ཡོད་པའི་ནང་པའི་གཞུང་ལུགས་དེ་དག་བོད་སྐད་རང་གི་ཐོག་བསྒྱུར་ནས་སློབ་གཉེར་བྱེད་དགོས་པའི་ལམ་སྟོན་མཛད་པ་དེའི་དྲིན་རེད། དེར་བརྟེན། ད་ཆར་དཔལ་ནཱ་ལེནྜའི་གཞུང་ལུགས་དེ་དག་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་རྒྱག་དགོས་ན་བོད་སྐད་ལས་ལྷག་པའི་སྐད་ཡིག་འཇིག་རྟེན་འདིར་མེད།

དེ་སྔ་བོད་དེ་རང་བཙན་ཡོད་པའི་རྒྱལ་ཁབ་རེད། འོན་ཀྱང་འཛམ་གླིང་གི་གནས་སྟངས་ལ་འགྱུར་ལྡོག་འགྲོ་བཞིན་ཡོད། དེང་སྐབས་ངོས་ཀྱིས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་འཛུགས་དེར་ཡིད་རང་ཞུ་བཞིན་ཡོད། སྒེར་གྱི་ཁེ་ཕན་ཆུང་ངུ་བློས་བཏང་ནས་སྤྱི་པའི་བདེ་སྐྱིད་གཙིགས་ཆེར་འཛིན་ནས་འགྲོ་བཞིན་ཡོད། དེ་སྔ་ང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུག་ལས་འགུལ་ཐེངས་འགའ་ཤས་སྤེལ་ཡོད།

ཕྱི་ལོ་ ༡༩༧༤ ནས་ང་ཚོས་བོད་རང་བཙན་མ་རྩོད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གསལ་བ་ལྟར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་བཞིན་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ་འདུག

སྤྱིར་བཅོ་བརྒྱད་བརྒྱད་ཅུ་(Club 1880)ཞེས་པའི་ཞི་བདེ་གོང་འཕེལ་བསྟི་གནས་ཁང་དེ་སིངྒ་པུར་ནང་རྟེན་གཞི་བྱས་ཡོད་པ་དང་། ཚོགས་མི་དེ་དག་རྒྱལ་ཁབ་སིངྒ་པུར་དང་ཨ་རི། ཨོ་གླིང་། ཨིན་ཡུལ། རྒྱ་གར། ཁེ་ན་ཌ། རྒྱ་ནག ཕ་རན་སི། སུད་སི་སོགས་ནས་ཡིན་འདུག

 

གསལ་བསྒྲགས་ཀྱི་ས་མིག