19
Fri, Apr
27 New Articles

༢༠༡༩ལོའི་ཟླ་ ༣ ཚེས་ ༢༣ ཉིན། སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་གློ་ནད་ཊི་བི་ཉིན་མོ་སྲུང་བརྩི་ཞུ་སྐབས། པར། བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་ ༣ ཚེས་ ༢༣ ཉིན། བཞུགས་སྒར་རྡ་སར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ནས་འདོན་སྤེལ་གནང་བའི་ཊི་བི(TB)་ནད་གཞི་སྔོན་འགོག་དང་འབྲེལ་བའི་འགུལ་བརྙན་ཞིག་དབུ་འབྱེད་གནང་རྗེས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་གློ་ནད་ཊི་བི་རྩ་གཏོར་གཏོང་རྒྱུའི་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད། སློབ་གྲྭ་ཁག་གི་ནང་གློ་ནད་མེད་པ་བཟོ་ཐུབ་པ་ཡིན་ན། རང་བཞིན་གྱི་མེད་པ་ཆགས་ཐུབ་ངེས་རེད་བསམ་པའི་དམིགས་ཡུལ་རེད་ཅེས་གསུང་འདུག

དེ་ཡང་ལོ་ལྟར་ཟླ་ ༣་པའི་ཚེས་ ༢༤ ཉིན་འཛམ་གླིང་རྒྱལ་ཁབ་མང་པའི་ནང་རྒྱལ་སྤྱིའི་གློ་ནད་ཊི་བི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། བཞུགས་སྒར་རྡ་སར་ཡང་འཕྲོད་བསྟེན་ལས་ཁུངས་ཀྱིས་ཉིན་མོ་འདི་སྲུང་བརྩི་ཞུས་བ་དང་བསྒྲགས་མང་ཚོགས་ལ་ནད་རིགས་དེའི་ཐོག་གོ་རྟོགས་ཡོང་ཆེད་ཊི་བི་ནད་གཞི་སྔོན་འགོག་དང་འབྲེལ་བའི་འགུལ་བརྙན་ཞིག་བོད་སྐད་ཐོག་བསྒྱུར་འདུག

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ། ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བཅས་ཚང་འཛོམས་གནང་འདུག

ཐོག་མར་འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། ཚང་མས་མཁྱེན་གསལ་རེད་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་རྒྱལ་སྤྱིའི་གློ་ནད་ཊི་བི་ཉིན་མོ་སྲུང་བརྩི་ཞུ་ཡི་ཡོད་པ་རེད། རང་རེའི་སྤྱི་ཚོགས་ནང་གློ་ནད་ཊི་བི་ཉིན་མོ་སྲུང་བརྩི་ཞུ་སླད་འཕྲོད་བསྟེན་བཀའ་བློན་མཆོག་ནས་ས་གནས་འགོ་འཛིན་རྣམ་པ་དང་སྨན་ཁང་འགན་འཛིན་བརྒྱུད་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་ལས་རིམ་ཞིག་འགྲོ་བཞིན་པ་རེད། འདི་ལོ་ནས་བཟུང་ཕྲན་བུ་མི་འདྲ་བ་བྱས་ནས་ཊི་བི་ནད་གཞིའི་སྐོར་གོ་རྟོགས་སྤེལ་སླད་སྐར་མ་ལྔ་རེའི་འགུལ་བརྙན་ལྔ་ཙམ་བཟོ་རྒྱུ་མཇུག་སྒྲིལ་གྱི་ཡོད་ཅེས་དང་།

འདི་ལོའི་རྒྱལ་སྤྱིའི་ཊི་བི་ཉིན་མོའི་བརྗོད་གཞི་ནི་དུས་ཆོད་རན་འདུག དུས་ཚོད་གང་རན་འདུག་ཅེ་ན་ཊི་བི་སྔོན་འགོག་གམ་རྩ་མེད་བཟོ་རྒྱུའི་ཐོག་ཤུགས་ཆེ་རུ་གཏང་དགོས་པའི་དུས་ཚོད་རན་འདུག་ཅེས་པའི་བརྗོད་གཞི་རེད་འདུག

འགུལ་བརྙ་བཟོ་རྒྱུ་དེ་སམ་བྷོ(SAWBO)ཞེས་པའི་ལས་འཆར་ཡིན་འདུག་པ་དང་། ལས་འཆར་འདིའི་འོག་ནས་སྤྱི་ཚོགས་ནང་འཕྲོད་བསྟེན་གྱིས་གཙོས་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་ཆེད་ད་བར་འགུལ་བརྙན་མང་པོ་བཟོས་ནས་སྐད་ཡིག་མི་འདྲ་བ་༡༠༠་ལྷག་ཙམ་ནང་འགྲེམས་སྤེལ་གནང་འདུག ཁོང་ཚོ་དང་གོ་བསྡུར་དང་མཐུན་འགྱུར་གནང་སྟེ་ང་ཚོས་འགུལ་བརྙན་འདི་བཟོ་ཡི་ཡོད་པ་རེད། མང་ཚོགས་ལ་ཐུགས་ཕན་གསོ་བའི་ཆེད་དུ་ཁོང་ཚོས་འགུལ་བརྙན་འདི་རིན་མེད་ཐོག་ལས་འགུལ་སྤེལ་གྱི་འདུག ང་ཚོས་གོ་སྐབས་འདི་བཟུང་ནས་འགུལ་བརྙན་ལྔ་ཙམ་བང་སྒྲིག་ཡོད། དེ་རིང་གི་འགུལ་བརྙན་འདི་ཊི་བི་དང་གཉེན་ནད་རེག་དུག་སྐོར་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་འདུག

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཊི་བི་ནད་གཞི་སྔོན་འགོག་དང་འབྲེལ་བའི་འགུལ་བརྙན་དབུ་འབྱེད་གནང་སྟེ་འགུལ་བརྙན་སྟོན་གནང་འདུག

དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། འཕྲོད་བསྟེན་ལས་ཁུངས་ནས་ཊི་བི་ནད་གཞི་སྔོན་འགོག་དང་འབྲེལ་བའི་བོད་སྐད་ཐོག་འགུལ་བརྙན་ཞིག་བཟོ་གནང་འདུག བོད་སྐད་ཐོག་བཟོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཕྱི་ལོ་ ༡༩༥༩ ལོར་བོད་མི་མང་དག་ཅིག་བཙན་བྱོལ་དུ་འབྱོར་རྗེས་གློ་ནད་ཊི་བི་རྐྱེན་པས་མི་མང་པོ་ཞིག་འདས་གྲོངས་སུ་གྱུར་ཡོད། བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་བཞིན་ཡོད་ནའང་ཊི་བི་ནད་གཞི་རྩ་མེད་དུ་ཕྱིན་མེད། དེར་བརྟེན་རྡ་ས་བདེ་ལེགས་སྨན་ཁང་དང་ལྷན་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་གློ་ནད་ཊི་བི་རྩ་གཏོར་གཏོང་རྒྱུའི་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད། སློབ་གྲྭ་ཁག་གི་ནང་གློ་ནད་མེད་པ་བཟོ་ཐུབ་པ་ཡིན་ན། རང་བཞིན་གྱི་མེད་པ་ཆགས་ཐུབ་ངེས་རེད་བསམ་པའི་དམིགས་ཡུལ་རེད།

དེ་བཞིན་རྒྱ་ཆེ་མང་ཚོགས་ལ་སྔར་ལྷག་གོ་རྟོགས་སྤེལ་སླད་འདི་ལྟ་བུའི་འགུལ་བརྙན་བཟོ་བཞིན་ཡོད། དེ་སྔ་ཡིན་ན་སྨན་ཁང་དུ་མ་ཡོང་བར་དུ་འཕྲོད་བསྟེན་སྐོར་གོ་རྟོགས་ཡོང་གི་མེད། ད་ཆ་འགུལ་བརྙན་བརྒྱུད་ནས་ཀྱང་གོ་རྟོགས་ཡོང་བཞིན་ཡོད། འཕྲོད་བསྟེན་ལས་ཁུངས་ནས་སྐུ་ལས་བསྐྱོན་ཏེ་འབད་བརྩོན་ཧ་ཅང་གནང་འདུག ལས་བྱེད་ཡོངས་ལ་བསྔགས་བརྗོད་དང་འབྲེལ་འགུལ་བརྙན་འདི་ཉིད་བོད་སྐད་ཐོག་ཡིན་སྟབས། མང་ཚོགས་ལ་གོ་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེ་བ་ཁྱབ་ཆེ་བ་ཡོད་ཀྱི་རེད་བསམ་གྱི་འདུག བོད་སྐད་བེད་སྤྱོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

འགུལ་བརྙན་འདི་གློ་ནད་དང་གཉེན་ནད་སྐོར་ཡིན་པར་བརྟེན་ཧ་ཅང་གལ་ཆེན་པོ་རེད། གློ་ནད་ཊི་བི་ནད་གཞིའི་ནང་ནས་MDR་དང་ XDR དེ་དག་ཧ་ཅང་ཉེན་ཁ་ཆེན་པོ་རེད། ནད་གཞི་འདི་ཕོག་པའི་མི་དེ་སྨན་བཅོས་ཡག་པོ་ཞིག་མ་བྱུང་ན་ཕལ་ཆེར་གྲོངས་རྒྱུ་ཡིན་པ་མ་ཟད། འགྲོ་གྲོན་ཡང་ཧ་ཅང་ཕོན་ཆེན་པོ་རེད། འཕྲོད་བསྟེན་ནི་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ད་རེས་འཕྲོད་བསྟེན་ལས་ཁུངས་ནས་ཊི་བི་དང་གཉེན་ནད་སྐོར་གོ་རྟོགས་སླད་འགུལ་བརྙན་བཟོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག

ང་ཚོས་ཉིན་མོ་དེ་སྲུང་བརྩི་ཞུས་ནས་གོ་རྟོགས་སྤེལ་བ་ཡིན་ན། ཕྱོགས་གཅིག་ནས་ཉིན་མོ་དེ་སྲུང་བརྩི་ཞུས་པ་དང་། ཕྱོགས་གཞན་ཞིག་ནས་ང་ཚོ་རྒྱལ་སྤྱིའི་ཚོགས་མི་ཡིན་པ་ཆགས་ཀྱི་ཡོད། ལྷག་པར་བོད་སྐད་ནང་ཡོད་པར་བརྟེན་བོད་མིའི་ངོ་བོ་དང་། རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་ཡིན་པའི་བརྡ་ལན་ཡང་འཕྲོད་ཀྱི་ཡོད། དེར་བརྟེན་དུས་དང་མཚུངས་པའི་དགོས་མཁོ་ཅན་ཞིག་བཟོ་གནང་འདུག བསྔགས་བརྗོད་ཡོད་གནང་འདུག

མཐའ་མ་དེར་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བླངས།

གསལ་བསྒྲགས་ཀྱི་ས་མིག