24
Wed, Apr

༢༠༡༩ལོའི་ཟླ་༣་ཚེས་༢༢་ཉིན་རྡ་སར་འཛམ་གླིང་ཆུའི་ཉིན་མོ་སྲུང་བརྩི་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣་ཚེས་༢༢ཉིན། བོད་ཀྱི་འགྲེམས་སྟོན་ཁང་གིས་གོ་སྒྲིག་འོག་འཛམ་གླིང་ཆུའི་ཉིན་མོ་སྲུང་བརྩི་བྱས་སོང་བ་དང་། དེའི་དམིགས་ཡུལ་ནི་བོད་ཀྱི་རྒྱུགས་ཆུ་དེ་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ག་ཚོད་གལ་ཆེན་པོ་ཡིན་པ་ཕྱི་རྒྱལ་དང་རྒྱ་གར་བ་མི་སྣ་སོགས་ལ་གོ་རྟོགས་སྤེལ་བའི་ཆེད་དུ་ཡིན་འདུག

དེ་ཡང་བཞུགས་སྒར་རྡ་སའི་གཙུག་ལག་ཉེ་འགྲམ་དུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་འཛམ་གླིང་ཆུའི་ཉིན་མོ་སྲུང་བརྩི་བྱས་ནས་བོད་ཀྱི་ཁོར་ཡུག་དང་རྒྱུགས་ཆུ་འཛམ་གླིང་ནང་གལ་ཆེན་ག་ཚོད་ཡིན་མིན་རྒྱལ་སྤྱིའི་མི་སྣ་ཁག་ལ་ངོ་སྤྲོད་བྱས་སོང་། ལས་རིམ་དེའི་ཐོག་ལ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་དང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས། བོད་ཀྱི་རང་དབང་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས། དེ་བཞིན་ཕྱི་རྒྱལ་མི་སྣ་༥༠་ལྷག་དང་རྒྱ་གར་བ་དང་བོད་པ་བཅས་ཁྱོན་མི་གྲངས་བརྒྱ་ཙམ་འཛོམས་འདུག

དང་ཐོག་དེར། བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་མེ་ཁིལ་བྷོ་ཁི་ལེ(Michael Buckley)་ལགས་ཀྱིས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་པར་རིས་འགྲེམས་སྟོན་གནང་ནས་བོད་ཀྱི་རྒྱུགས་ཆུ་དེ་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་ལ་གལ་ཆེན་རང་བཞིན་ཆགས་ཡོད་པ་དང་། དེ་ནས་རྒྱ་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་བྱས་པ་དང་ཆུ་མཛོད་བརྒྱབས་ནས་བོད་ཀྱི་ཁོར་ཡུག་དང་ཡུལ་མི་རྣམས་ལ་གནོད་འཚེ་ཆེན་པོ་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་།

དེ་རྗེས་འདི་གར་གསར་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ལ་དེ་རིང་འཛམ་གླིང་ཆུའི་ཉིན་མོ་སྲུང་སྐྱོབ་བྱེད་དགོས་དོན་སྐོར་དྲིས་པར། ཁོང་གིས་ངོ་སྤྲོད་གནང་དོན། དེ་རིང་སྤྱི་ཟླ་༣་ཚེས་༢༢་ཉིན་རྒྱལ་སྤྱིའི་ཆུའི་ཉིན་མོ་ཟེར་ནས་འཛམ་གླིང་ཁྱོན་ཡོངས་ལ་སྲུང་བརྩི་བྱེད་བཞིན་ཡོད་པ་རེད། ཉིན་འདི་གལ་ཆེན་པོ་ཞིག་དུ་རྩིས་ནས་བོད་ཀྱི་འགྲེམས་སྟོན་ཁང་གིས་མཁས་དབང་ངམ་རྩོམ་སྒྲིག་པ། ཡང་ན་གློག་བརྙན་བཟོ་མཁན་མེ་ཁིལ་བྷོ་ཁི་ལེ(Michael Buckley)་ལགས་གདན་འདྲེན་ཞུས་ཡོད། ཁོང་ལོ་མང་པོ་ཞིག་ནས་བོད་ཀྱི་ཁོར་ཡུག་དང་བོད་ནང་ལོག་དུ་ཉམས་ཞིབ་གནང་མཁན་ཞིག་རེད། ཁོང་གིས་བོད་ཀྱི་ཁོར་ཡུག་ཐོག་ལ་(Melt down in Tibet)ཞེས་པའི་དེབ་ཅིག་བརྩམས་གནང་ཡོད་རེད།

དེ་བཞིན་བོད་ཀྱི་ཁོར་ཡུག་དང་གཏེར་ཁ་སྔོག་འདོན་སྐོར་གློག་བརྙན་ཡང་ཁག་གཉིས་བཟོས་ཡོད་རེད། ཁོང་དེ་རིང་རྡ་སར་ཕེབས་པ་དང་སྟབས་བསྟུན་ནས་ང་ཚོས་རྒྱལ་སྤྱིའི་ཆུའི་ཉིན་མོ་སྲུང་བརྩི་ཞུ་བའི་ཐོག་ཆེད་དུ་གདན་འདྲེན་ཞུས་ནས་གསུང་བཤད་དང་བོད་ནང་གི་ཁོར་ཡུག་དང་འབྲེལ་བའི་པར་རིས་གྲངས་༢༢་འགྲེམས་སྟོན་ཞུས་ཡོད།

ཡང་ཁོང་གིས་རྒྱལ་སྤྱིའི་ཆུའི་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་དམིགས་ཡུལ་སྐོར་ནས་བརྗོད་དོན། དེ་རིང་རྒྱལ་སྤྱིའི་ཆུའི་ཉིན་མོ་སྲུང་བརྩི་བྱེད་དགོས་དོན་ནི་བོད་ནང་གི་ད་ལྟའི་ཁོར་ཡུག་དེ་ཛ་དྲག་པོ་ཞེ་དྲག་ཆགས་བསྡད་ཡོད་རེད། དམིགས་བསལ་བོད་ནང་རྒྱ་ནག་གཞུང་གིས་ཆུ་མཛོད་མང་པོ་ཞིག་བརྒྱབས་དང་རྒྱག་བཞིན་ཡོད་པ་དེ་དག་གིས་བོད་གཅིག་པོ་མ་ཡིན་པར། བོད་ཀྱི་གཡས་གཡོན་དུ་ཡོད་པའི་རྒྱལ་ཁབ་མང་པོ་ཞིག་ལ་དོ་ཕོག་ཆེན་པོ་ཞིག་འགྲོ་བསྡད་ཡོད་རེད། ང་ཚོས་ཤེས་པ་དེ་ཚོ་རྒྱལ་སྤྱིའི་མི་སྣ་ལ་ངོ་སྤྲོད་ཞུ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་རེད། བོད་ཀྱི་ཁོར་ཡུག་དེ་བོད་པ་ཙམ་མ་ཡིན་པར་ཨེ་ཤེ་ཡའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་གནོད་སྐྱོན་མང་པོ་ཞིག་སྐྱེལ་གྱི་ཡོད་རེད། དེར་བརྟེན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང་བདག་པོ་རྒྱག་རྒྱུ། དེ་བཞིན་གལ་ཆེན་རང་བཞིན་ཡིན་པ་བཅས་ངོ་སྤྲོད་བྱེད་ཆེད་དམིགས་ནས་དེ་རིང་ང་ཚོས་ལས་རིམ་འདི་བརྩམས་པ་ཞིག་ཆགས་བསྡད་ཡོད་ཅེས་གསུངས་སོང་།