20
Thu, Jun
19 New Articles

༢༠༡༩ལོའི་ཟླ་༣་ཚེས་༡༩ཉིན་བཞུགས་སྒར་རྡ་ས་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་སྐབས་༡༦་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་བདུན་པ་དབུ་འཛུགས་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༣་ཚེས་༡༩ཉིན། བཞུགས་སྒར་རྡ་ས་གངས་སྐྱིད་གྲོས་ཚཽགས་ཚོགས་ཁང་དུ་སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་བདུན་པ་དབུ་འཛུགས་གནང་སོང་བ་དང་། ཚོགས་ཆེན་འདི་ནི་ཉིན་༡༠་རིང་འཚོགས་རྒྱུ་ཡིན་ཞིང་། འདི་ནི་སྔོན་རྩིས་གྲོས་ཚོགས་ཡིན་འདུག གྲོས་གཞི་གཙོ་ནི་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཁག་ཅིག་དང་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར། དེ་བཞིན་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་ཀྱི་གསུང་བཤད། ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཐུགས་ཞིབ་གནང་བའི་སྙན་ཐོ། ཁྲིམས་བཟོ་ལས་རིམ་ཁག མང་གཙོ་རྩིས་ཁྲའི་ཚོགས་ཆུང་གི་སྐབས་དགུ་པའི་སྙན་ཐོ་བཅས་ཡིན་འདུག

དེ་ཡང་། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་བདུན་པ་དབུ་འཛུགས་གནང་རྗེས། ཁོང་གིས་ཐེངས་འདིའི་གྲོས་ཚོགས་ནི་སྔོན་རྩིས་ཚོགས་འདུ་ཡིན་པ་དང་། དེ་ནས་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཁག་ཅིག གདུང་སེམས་མཉམ་སྐྱེས་ཀྱི་གྲོས་ཆོད་གྲོས་འཆར། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་ཀྱི་གསུང་བཤད། ཚོད་དཔག་ཆབ་སྲིད་ཚོགས་ཆུང་གི་ཉམས་ཞིབ་གནང་བའི་སྙན་ཐོ། ཁྲིམས་བཟོ་ལས་རིམ་ཁ་ཤས་དང་། མང་གཙོ་རྩིས་ཁྲ་ཚོགས་ཆུང་གི་སྐབས་དགུ་པའི་སྙན་ཐོ་བཅས་ཡིན་པར་གསུངས་སོང་།

དེ་རྗེས་། ཁོང་གིས་མུ་མཐུད་ནས་གསུང་དོན། དེའི་སྔོན་གྲོས་ཚོགས་སྐབས་དྲུག་པ་ཚོགས་ནས་ཟླ་དྲུག་ཕྱིན་ཡོད་པ་རེད། ཟླ་དེ་དག་གི་རིང་ཕྱག་ལས་གང་དང་གང་གནང་ཡོད་མེད་ཐོག་ཞུ་ན། དང་ཐོག་དེར་ཕྲན་རང་༢༠༡༩ལོའི་ཟླ་༡༢་ཚེས་༡་ཉིན་སྤྱི་འཐུས་ཚོགས་གཙོ་ལས་འགན་དམ་འབུལ་ཞུས་པ་དང་། དེ་རྗེས་རྡོ་རྗེ་གདན་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་སུ་འགྲོ་རྒྱུ་གོ་སྐབས་བྱུང་སོང་། བལ་ཡུལ་དང་རྒྱ་གར་བོད་པའི་གཞིས་ཆགས་ས་ཁུལ་ཁག་ཏུ་ཕྱིན་པ་ཡིན། སྤྱི་འཐུས་དང་སྐུ་ཚབ་རྣམ་པ་རྒྱ་གར་མངའ་སྡེ་ཁ་ཤས་ནང་མ་གཏོགས་གཞན་མངའ་སྡེ་མང་ཆེ་བའི་ནང་བོད་དོན་ཞུ་གཏུག་སླད་བཅར་ཐུབ་པ་བྱུང་སོང་བཅས་དང་།

དེ་ནས་ཕྱི་རྒྱལ་ཁབ་དབྱིན་ལན་དང་ནོར་ཝར་། སི་ཀོ་ཁྲི་ལཎ་ཀྲི་དང་ཌ་མ་ཁི་སོགས་ལ་བོད་མི་སྤྱི་འཐུས་སྐུ་ཚབ་ཕེབས་ཐུབ་པ་བྱུང་ཡོད། རྒྱ་གར་ནང་གི་མངའ་སྡེ་ཧི་མ་ཅལ་གྱི་དགུན་ཁའི་གྲོས་ཚོགས་རྡ་རམ་ས་ལར་ཚོགས་སྐབས་གྲོས་ཚོགས་འཐུས་མི་ཚོར་གསོལ་ཇ་སྟབས་བདེ་ཕུལ་རྒྱུ་བྱུང་ཡོད། དེ་ནང་བཞིན་རྒྱ་གར་རྒྱལ་ས་ལྡི་ལི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཚོར་གསོལ་ཚིག་ཕུལ་པ་བྱུང་ཡོད། སྤྱི་འཐུས་གཙོ་གཞོན་དབུས་པའི་འཐུས་མི་ཚོས་རྒྱ་གར་མངའ་སྡེ་ཨང་ཌི་ར་ནང་གི་ཝེ་ཇིེ་ཝ་ར་ལ་བོད་ཀྱི་གནད་དོན་དེ་རྒྱ་གར་ལ་ག་ཚོད་གལ་ཆེན་པོ་རེད་ཅེས་པའི་གྲོས་གླེང་ཚོགས་འདུ་གནང་ཐུབ་པ་བྱུང་ཡོད་པ་དང་།

གཞན་ཡང་། སྤྱི་འཐུས་ལྷན་ཚོགས་ནང་ཕྱི་རྒྱལ་ཁག་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་དང་སྐུ་ཚབ་སོགས་ལ་མཇལ་འཕྲལ་དང་བཀའ་མོལ་གནང་ཐུབ་པ་བྱུང་སོང་། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མི་དང་། ཨ་རི་ནས་གྲོས་ཚོགས་འཐུས་མི། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ། སི་ཀོ་ཌི་ཤི་གྲོས་ཚོགས་འཐུས་མི་ཁག་ཅིག ཇི་ཎི་ཝ་སྐུ་ཚབ་ཁག་ཅིག ཨོ་སི་ཁྲི་ལི་ཡའི་རྒྱ་རིགས་ཁག་ཅིག ཐེ་ཝན་ནས་རྒྱ་རིགས་ཁག་ཅིག་སོགས་ལ་མཇལ་འཕྲད་ཞུས་པ་ཡིན་ཞེས་གསུངས་སོང་། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་ཁག་ནས་ཡོང་བའི་མཐོ་རིམ་སློབ་གྲྭའི་སློབ་མ་སོགས་ལ་བོད་དོན་གོ་རྟོགས་སྤེལ་བ་བཅས་བྱུང་སོང་། གཞན་འབྱུང་གཞི་རྐྱེན་པས་གོད་ཆགས་བྱུང་བའི་མི་མང་རྣམས་ལ་ང་ཚོས་ཐུགས་སེམས་མཚོན་ཆེད་ཞལ་འདེབས་ཕུལ་ཡོད་ཅེས་གསུངས་སོང་།

དེ་རྗེས་ཁོང་གིས། ང་ཚོ་ནི་བོད་མིས་ཡིད་ཆེས་དང་རེ་བ་བྱས་ནས་བསྐོ་བཞག་བྱས་པའི་སྐུ་ཚབ་རེད། ང་ཚོས་ལས་དོན་གང་བྱེད་པ་ཡིན་ནའང་རྒྱ་ཆེ་མང་ཚོགས་ཐུགས་མི་ཕམ་པ་དང་དགའ་སྤོབས་སྐྱེས་དགོས་པ་ཞིག་བྱེད་དགོས་པ་ང་ཚོའི་ལས་འགན་གཙོ་བོ་རེད། དེར་བརྟེན། གྲོས་ཚོགས་ནང་བཀའ་མོལ་གནང་མཁན་སུ་དང་སུ་ཡིན་ནའང་། གང་དང་གང་གསུང་གི་ཡོད་ནའང། རྒྱ་ཆེའི་མང་ཚོགས་ཀྱི་ཐུགས་ལ་འབབ་བ་ཞིག་ཡོང་གི་འདུག་མི་འདུག་དེ་དང་པོ་ནས་སེམས་ནང་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་ཆགས་ཀྱི་འདུག གྲོས་ཚོགས་འདི་ཚོགས་ཚར་དུས། རྒྱ་ཆེ་བའི་མི་མང་ཚོ་དགའ་འོས་པ་ཞིག་བཟོས་ན་ང་ཚོས་གྲོས་ཚོགས་ཚོགས་ནས་ཚོགས་དགོས་ཆོད་པ་རེད། གཞན་གྲོས་ཚོགས་ཚོགས་ཚར་རྗེས། མང་ཚོགས་ཐུགས་ཕམ་སྐྱེས་དགོས་པ་བྱུང་ན་ང་ཚོས་གྲོས་ཚོགས་འདི་ཚོགས་དགོས་ཆོད་ཡོད་མ་རེད་ཅེས་ཞུ་ཡི་ཡིན། ང་ཚོས་བོད་མི་རིགས་དང་རྩ་དོན་ཆེད་དུ་བཀའ་མོལ་ག་རེ་གནང་པ་ཡིན་ནའང་བོད་མི་རིགས་ལ་ཐུགས་ཕན་གསོ་པ་ཞིག་གནང་དགོས་པ་གནད་གལ་ཆེན་པོ་རེད། ང་ཚོས་གྲོས་ཚོགས་སྤུས་ཀ་ཡག་པོ་བཟོ་དང་མ་བཟོ་ཟེར་བ་དེ་ང་ཚོ་གྲོས་ཚོགས་ནང་བཞུགས་པའི་སྐུ་ཚབ་ཚང་མ་ཆགས་བསྡད་ཡོད་རེད། དེར་བརྟེན། འབྱུང་འགྱུར་ང་ཚོའི་མི་མང་ཙམ་མ་ཟད། མང་གཙོ་རྒྱལ་ཁབ་གཞན་དག་ཚོས་ང་ཚོར་མིག་དཔེ་ལྟ་དགོས་པ་ཞིག་བཟོ་ཐུབ་པ་ཞིག་བྱུང་བ་ཡིན་ན་ང་ཚོའི་རྒྱལ་ཁ་རེད་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

གསལ་བསྒྲགས་ཀྱི་ས་མིག