19
Fri, Apr

༢༠༡༩ལོའི་ཟླ་ ༣ ཚེས་ ༡༨ ཉིན། བཀའ་ཤག་མཇལ་འཕྲད་ཁང་དུ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་རྣམ་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་ ༣ ཚེས་ ༡༨ ཉིན། བཞུགས་སྒར་རྡ་ས་བཀའ་ཤག་མཇལ་འཕྲད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་རྣམ་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སོང་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་འདི་ལོ་དགུང་ཀེག་དངོས་གཞིའི་ཚུལ་བསྟན་སྐུ་གེགས་ཀྱི་མཚན་མ་ཅི་མཆིས་རྨེག་མེད་དུ་ཞི་ནས་སྐུ་ཚེ་༸རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ།

༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་ཚན་ཁོངས་བཞུགས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་སོང་བ་དང་། བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཡོངས་ཀྱི་དད་དམ་དང་སྤྱི་མཐུན་དགེ་ཚོགས་འབྲེལ་མཚོན་ཕྱིར་བོད་མི་མི་རེ་ངོ་རེ་ནས་སོ་སོའི་གནས་ཡུལ་གྱི་སྒོར་ ༥་༢༥ རེ་ཞལ་འདེབས་འབུལ་གནང་ཡོང་བའི་འབོད་སྐུལ་ཞུས་སོང་།

དེ་ཡང་ཐོག་མར་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་བོད་མིའི་གསར་འགོད་པ་རྣམས་ལ་བཀའ་དྲུང་ཡིག་ཚང་གི་ཡོངས་ཁྱབ་གསལ་བསྒྲགས་སྒྲོག་སྦྱངས་གནང་དོན།

འདི་ལོའི་དགུང་གསར་ཚེས་བཅུའི་གཟབ་གསོལ་སྤྱན་འདྲེན་སྐབས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་ནས་༸རྒྱལ་བའི་སྐུ་ཕྱྭ་དང་བོད་ཀྱི་བསྟན་སྲིད་བདེ་ཐབས་སུ་རྡོ་རྗེའི་བཀའ་ལུང་བསྩལ་ཁྲོད། ཆོལ་གསུམ་ཆོས་བརྒྱུད་གཅིག་ཏུ་བསྒྲིལ་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་གསོལ་འདེབས་ཕུར་ཚུགས་གནད་སྨིན་ཞུ་དགོས་ཕེབས་འབྲེལ། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གོང་གསལ་བཀའ་ལུང་དགོངས་དོན་བརྟན་བཞུགས་བསྟར་འབུལ་ཆོག་པའི་གསོལ་འདེབས་༸སྙན་གསེང་ཞུས་པར་བཀའ་བཞེས་བཟང་པོ་སྤྱི་སྨིན་བྱུང་བ་ལྟར།

བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་བོད་ཟླ་ ༣ ཚེས་ ༡༤ ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ གཟའ་ཚེས་དགེ་བའི་ཉིན་འཕགས་ཡུལ་དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ཀྱི་ངོས་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་འདི་ལོ་དགུང་ཀེག་དངོས་གཞིའི་ཚུལ་བསྟན་སྐུ་གེགས་ཀྱི་མཚན་མ་ཅི་མཆིས་རྨེག་མེད་དུ་ཞི་ནས་སྐུ་ཚེ་༸རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་ཚན་ཁོངས་བཞུགས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་སོང་བ་དང་། བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཡོངས་ཀྱི་དད་དམ་དང་སྤྱི་མཐུན་དགེ་ཚོགས་འབྲེལ་མཚོན་ཕྱིར་བོད་མི་མི་རེ་ངོ་རེ་ནས་སོ་སོའི་གནས་ཡུལ་གྱི་སྒོར་ ༥་༢༥ རེ་ཞལ་འདེབས་འབུལ་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་།

དེ་ལས་བརྒལ་བ་ཞལ་འདེབས་འབུལ་བློ་ཡོད་ཚེ་ཆོག་རྒྱུའང་། སེར་སྣ་དང་གཏམ་དོན་སོགས་ཀྱི་དྲི་མས་མ་གོས་པར་བསམ་པ་རྣམ་དག་གིས་བློས་བཅད་བྱས་པ་ཞིག་ངེས་པར་དགོས་རྒྱུ། ཞལ་འདེབས་འབུལ་ཕྱོགས་རང་ཉིད་གནས་ཡུལ་དང་འབྲེལ་ཆགས་ས་གནས་འགོ་འཛིན་ལས་ཁུངས་སམ། སྐུ་ཚབ་དོན་གཅོད་ལས་ཁུངས་བརྒྱུད་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡ གོང་ཚུད་དྷ་རམ་ས་ལ་ཆོས་རིག་ལས་ཁུངས་སུ་འབུལ་གཏོང་ཐུབ་པ་དགོས་རྒྱུ། གནས་ཚུལ་གཞན་རྣམས་གཞུང་འབྲེལ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ཟུར་འཛུགས་སོང་བ་ནས་རིམ་པས་གསལ་ཆ་ཡོང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༨ ལ། ཞེས་གསུངས་སོང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། གཙོ་བོ་མི་མང་ཚང་མས་མཁྱེན་གསལ་རེད། ལོ་འདིར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགུང་སྐེག་དངོས་གཞི་འཁེལ་ཡོད། དེར་བརྟེན་དགུང་སྐེག་ཟེར་དུས་ང་ཚོ་ཚང་མས་གཟབ་གཟབ་བྱེད་དགོས་པའི་གནས་སྟངས་ཆགས་ཡོད། ན་ནིང་གནས་མཆོག་རྡོ་རྗེ་གདན་དུ་སྔོན་འགྲོའི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་པའི་སྐལ་བཟང་གི་གོ་སྐབས་བྱུང་སོང་། འདི་ལོའི་ལོ་གསར་ཚེས་བཅུའི་གཟབ་གསོལ་སྤྱན་འདྲེན་སྐབས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་གིས་༸རྒྱལ་བའི་སྐུ་ཕྱྭ་དང་བོད་ཀྱི་བསྟན་སྲིད་བདེ་ཐབས་སུ་རྡོ་རྗེའི་བཀའ་ལུང་ཕེབས་པ་ལྟར། ང་ཚོས་ཚེས་གྲངས་བལྟས་ནས་ཕྱི་ཟླ་ ༥ ཚེས་ ༡༧ ལ་བརྟན་བཞུགས་འབུལ་རྒྱུ་གཏན་འཁེལ་བ་རེད། བརྟན་བཞུགས་འབུལ་དགོས་དོན་ནི། བླ་མ་དང་སློབ་མའི་དབར་དམ་ཚིག་གཙང་མ་དགོས་རྒྱུ་དང་། མི་མང་དང་འགོ་ཁྲིད་དབར་མཐུན་སྒྲིལ་ཡག་པོ་དགོས་རྒྱུ་གལ་ཆེན་པོ་ཡིན་སྟབས། ང་ཚོའི་གཞུང་མང་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འགྲུབ་པའི་ཕྱིར་སྨོན་ལམ་འདེབས་དགོས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དེ་དག་ལག་བསྟར་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། མི་མང་གིས་ཆ་ཤས་ལེན་དགོས་པ་གསལ་བསྒྲགས་ནང་འཁོད་ཡོད་པ་ལྟར་ཆ་ཤས་ལེན་རོགས་གནང་ཞེས་རེ་འདུན་ཞུ་རྒྱུ་གཙོ་བོ་དེ་ཡིན་ཞེས་གསུངསགནང་སོང་།