19
Fri, Apr

༢༠༡༩་ལོའི་ཟླ་ ༣ ཚེས་ ༡༥ ཉིན་བཞུགས་སྒར་རྡ་སར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་སྐབས། པར། སྐལ་བཟང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་ ༣ ཚེས་ ༡༥ ཉིན། བཞུགས་སྒར་རྡ་སར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་རྣམ་གཉིས་ནས་ཕྱི་ནང་གི་གསར་འགོད་པ་ ༦༠ ལྷག་ལ་དམིགས་བསལ་ཚོགས་ཆེན་ལྔ་དང་ལྔ་བཅུ་དང་། ༸རྒྱལ་བ་སྐུ་ཕྲེང་རིམ་འབྱོན་དང་བོད་མི་མང་དབར་གྱི་འབྲེལ་བ་ཞེས་པའི་ཚོགས་འདུ་བསྡུ་བསྐོང་གནང་རྒྱུའི་སྐོར་གསར་འགོད་གསལ་བསྒྲགས་གནང་སོང་།

དེ་ཡང་བཞུགས་སྒར་རྡ་ས་མེག་གྷན་གྱི་ཁུ་ལུབ་མགྲོན་ཁང་(Club House) ཞེས་པའི་ཚོགས་ཁང་དུ། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་རྣམ་གཉིས་ནས་ཕྱི་ནང་གི་གསར་འགོད་པ་ ༦༠ ལྷག་ལ་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་རྒྱུའི་སྐོར་གསར་འགོད་གསལ་བསྒྲགས་གནང་སོང་།

དང་ཐོག་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་དོན། གསར་འགོད་ལྷན་ཚོགས་ཚོགས་གནང་དགོས་དོན་ནི་འདི་ལོའི་ཟླ་༡༠ཚེས་༣ནས་༥བར་ཉིན་གསུམ་རིང་དམིགས་བསལ་ཚོགས་ཆེན་ཚོགས་གནང་རྒྱུ་ཡིན་པ་མ་ཟད། ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་ལྔ་དང་ལྔ་བཅུ་དང་། ༸རྒྱལ་བ་སྐུ་ཕྲེང་རིམ་འབྱོན་དང་བོད་མི་མང་དབར་གྱི་འབྲེལ་བ་བཅས་ཆགས་ཡོད་ཅེས་དང་། དེ་ཡང་ཁོང་གིས་འདི་སྔོན་ལྔ་དང་ལྔ་བཅུའི་ཐོག་ཚོགས་འདུ་གསུམ་ཚོགས་ཟིན་སྐོར། འོན་ཀྱང་ད་རེས་ཀྱི་བརྗོད་གཞི་འདི་གཉིས་འཇོག་དགོས་དོན་ནི་དམིགས་བསལ་རྒྱ་ཆེ་མང་ཚོགས་རེད། རྒྱ་ཆེ་མང་ཚོགས་ཁོང་རྣམ་པའི་དགོངས་འཆར་བླང་རྒྱུ་གནད་འགག་བརྩིས་པ་ཡིན། རྒྱ་ཆེ་མང་ཚོགས་ཀྱི་དགོངས་པའི་ནང་གང་འདུག འདི་བླང་རྒྱུའི་བརྒྱུད་ལམ་ནི་འདི་ལྟ་བུའི་ཚོགས་ཆེན་ཞིག་བསྐོང་དགོས་པ་ཆགས་ཡོད་སོགས་ཀྱི་གསུང་བཤད་གནང་སོང་།

དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་འདུ་འདི་བཀའ་ཤག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་བཅས་ནས་གྲོས་བསྡུར་གནང་སྟེ་ཐག་གཅོད་བྱུང་བ་ཞིག་ཡིན་ཞིང་། ཚོགས་འདུའི་བརྗོད་གཞི་ནི། ལྔ་དང་ལྔ་བཅུའི་འཆར་སྣང་དང་༧རྒྱལ་དབང་སྐུ་ཕྲེང་རིམ་འབྱོན་དང་བོད་མིའི་བར་གྱི་འབྲེལ་བ་ཞེས་པ་དེ་ཡིན། བརྗོད་གཞི་དང་པོ་ལྔ་དང་ལྔ་བཅུའི་འཆར་སྣང་གི་སྐོར་ད་བར་ཚོགས་འདུ་ཐེངས་གསུམ་ཚོགས་ཟིན་པ་དང་ ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུ་དང་པོ་ནི་ཆབ་སྲིད་ཀྱི་གནད་དོན་སྐོར་རེད། སྐབས་དེར་ང་ཚོས་མཁས་དབང་མི་སྣ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་རིགས་ཚོགས་སྡེ་ཁག་གི་འགོ་ཁྲིད་ཚོ་སོགས་གདན་ཞུ་གནང་ཡོད། ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུ་ལ་གཞི་བཞག་ནས་ང་ཚོར་དགོངས་ཚུལ་གསུང་མཁན་མང་པོ་བྱུང་། ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུ་གཉིས་པ་ནི་གཞོན་སྐྱེས་ཀྱི་ཚོགས་འདུ་རེད། སྐབས་དེ་དུས་གཞོན་སྐྱེས་ཚོས་དགོངས་ཚུལ་ལེགས་པོ་གསུངས་བྱུང་།

ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུ་གསུམ་པ་བོད་མིའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས་དང་། བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་སྐོར། བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས། བོད་མིའི་སྤྱི་ཚོགས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་ཐབས་སྐོར། བཅས་བརྗོད་གཞི་ཁག་བཞིའི་ཐོག་མཁས་དབང་གདན་འདྲེན་ཞུས་ཏེ་བགྲོ་གླེང་དང་གོ་བསྡུར་གནང་ཡོད། ང་ཚོས་ཚོགས་འདུའི་སྐབས་ཀྱི་དགོངས་ཚུལ་རྣམས་མི་མང་གིས་ལྟ་བདེ་བའི་ཕྱིར་མགྱོགས་མྱུར་དེབ་གཟུགས་སུ་ཕྱོགས་སྒྲིག་བྱ་རྒྱུ་མ་ཟད། གང་ཐུབ་ལག་བསྟར་བྱ་ངེས་ཡིན།

བོད་ནི་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་དང་། རྒྱལ་དབང་སྐུ་ཕྲེང་རིམ་འབྱོན་དང་བོད་མིའི་བར་ཁ་བྲལ་ཐབས་མེད་པ་ཞིག་རེད། ལྷག་པར་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་རྗེས་དྲན་དང་བོད་རྒྱ་ཆེ་མི་མང་གི་བསམ་ཚུལ་བསྡུ་རུབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ལྔ་དང་ལྔ་བཅུའི་འཆར་སྣང་དང་༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མིའི་བར་གྱི་འབྲེལ་བ་ཞེས་པའི་སྐོར་ཚོགས་ཆེན་ཞིག་འབྱུང་འགྱུར་ཕྱི་ཟླ་ ༡༠ ནང་འཚོགས་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་སོང་།