23
Tue, Apr

༢༠༡༩ལོའི་ཟླ་༣་ཚེས་༡༢ཉིན། རྡ་སར་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་འདུའི་ཐོག་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གསུང་བཤད་གནང་བཞིན་པ། པར། བོད་མིའི་སྒྲིག་བཛུགས་ཀྱི་དྲ་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་ ༣ ཚེས་ ༡༢ ཉིན། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དང་འབྲེལ་བའི་ཚོགས་འདུ་ཞིག་བསྐངས་ཤིང་། སྐབས་དེར། བུད་མེད་ཀྱི་ནུས་སྟོབས་དང་འབྲེལ་བའི་ཚོགས་འདུ་དེ་ཇི་ལྟར་འགོ་འཛུགས་གནང་ཡོད་མེད་སྐོར་དང་། ཕོ་མོ་འདྲ་མཉམ་གྱི་སྐོར། བུད་མེད་ཀྱི་བྱམས་བརྩེ་དང་ནུས་པའི་སྐོར། དེ་བཞིན་བོད་ཀྱི་བུད་མེད་ཀྱི་ཉིན་མོ་སོགས་ཀྱི་སྐོར་ནས་གཏམ་བཤད་ཟབ་མོ་གནང་སོང་།

དེ་ཡང་། ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས། བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་གནང་འདུག

ཚོགས་འདུའི་ཐོག་མར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་འདིའི་ཇི་ལྟར་འགོ་འཛུགས་ཡོད་མེད་དང་འབྲེལ་བའི་སྒོ་ནས་འདི་ལྟར་གསུངས་དོན། དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་བུད་མེད་ནུས་སྟོབས་ཀྱི་སྲིད་བྱུས་ཤིག་གཏན་འབེབས་གནང་བར་བརྟེན། བཀའ་ཤག་སྐབས་བཅོ་ལྔའི་ངོས་ནས་སླར་ཡང་བསྐྱར་ཞིབ་བྱས་རྗེས་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡ ནང་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་ཚན་པའི་གོ་སྒྲིག་འོག་བུད་མེད་ནུས་སྟོབས་ཀྱི་ཚོགས་ཆེན་ཐེངས་དང་པོ་དེ་ཚོགས་ཡོད། སྐབས་དེར་བཀའ་བློན་དང་དྲུང་ཆེས་གཙོས་བོད་མིའི་གཞིས་ཆགས་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་ཀྱིས་གོ་བསྡུར་ལྷུགས་པོ་གནང་བའི་སྙན་ཐོ་ཐོན་པ་ལྟར་བཀའ་ཤག་ཏུ་འབྱོར་ཡོད།བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྲིད་བྱུས་གཏན་འབེབས་གནང་བར་ལྟར། བོད་མི་རྣམས་ནས་ལག་བསྟར་བྱེད་དགོས་པ་མ་ཟད། དམིགས་བསལ་སྲི་ཞུའི་ལས་བྱེད་རྣམས་ཀྱི་ངོས་ནས་ལག་བསྟར་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བུད་མེད་ནུས་སྟོབས་གོང་སྤེལ་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུ་བསྐོང་དགོས་དོན་ནི། བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏང་ཕྱོགས་ཐད་ལག་བསྟར་གང་བྱེད་དགོས་རྒྱུ་ཆེད་དུ་ཡིན། ཞེས་སོགས་གསུང་།

དེ་ནས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཕོ་མོ་འདྲ་མཉམ་ཀྱི་འདུ་ཤེས་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་བ་དང་། གཞན་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་བཀའ་ཕེབས་པར་ལྟར། མགོན་པོ་གང་ཉིད་མཆོག་གི་བྱམས་བརྩེའི་འབྱུང་ཁུངས་ནི་གང་ཉིད་མཆོག་གི་ཡུམ་ཡིན་སྐོར་སོགས་ཀྱི་བཀའ་སློབ་ཕེབས་བཞིན་ཡོད་སྐོར་དང་། བུད་མེད་རྣམས་ལ་དམིགས་བསལ་གྱི་འགན་ཆེན་པོ་ཞིག་ཡོད་པ་མ་ཟད། བུད་མེད་རྣམས་ཀྱིས་སོ་སོ་རང་ཉིད་ཀྱི་ནུས་སྟོབས་རྣམས་ངོས་ལེན་བྱེད་དགོས་སྐོར་དང་། བུད་མེད་ཀྱི་ཐོབ་ཐང་ཞེས་ཟེར་དུས་སྐྱེས་པ་དང་ལྷན་དུ་འགྲན་བསྡུར་དང་ཁ་གཏད་ཀྱི་རྣམ་པ་མིན་པར་འཚོ་བ་དང་སྐྱིད་སྣང་ཞིག་གི་ཐོག་ནས་ལེན་དགོས། བུད་མེད་ནུས་སྟོབས་གོང་སྤེལ་གཏོང་ཕྱོགས་ཐད་བུད་མེད་ཙམ་མིན་པར་སྐྱེས་པ་རྣམས་ཀྱིས་ཀྱང་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་ལག་བསྟར་བྱེད་དགོས། ཞེས་སོགས་ཀྱི་སྐོར་གསུང་བཤད་གནང་སོང་། དེ་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བུད་མེད་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པས་གཙོས་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམ་པར་ཞུ་རྒྱུར། དེ་རིང་ང་ཚོ་འདིར་འཛོམས་དགོས་དོན་ནི། ཕྱི་ཟླ་༣ ཚེས་ ༡༢ ཉིན་བུད་མེད་ཉིན་མོ་ཞེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དེ་སྔོན་གཙུག་ལག་ཁང་དུ་མཛད་སྒོ་ཆེན་པོ་ཞིག་ཚོགས་པ་རེད། མཛད་སྒོ་དེ་ཚོགས་པ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བུད་མེད་ནུས་སྟོབས་སྐོར་གོ་རྟོགས་རྒྱ་ཆེན་པོ་སྤེལ་ཐུབ་པ་དང་། ད་ལྟ་སྤེལ་བཞིན་ཡོད། ཕོ་མོ་འདྲ་མཉམ་དགོས་ཀྱི་ཡོད་པ་ལྟར་ལག་བསྟར་བྱེད་དགོས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ལ་ཐོག་མར་བྱམས་སྙིང་རྗེ་སྦྱིན་མཁན་དེ་ངོས་ཀྱི་ཨ་མ་ལགས་ཡིན། ཞེས་བཀའ་སློབ་སྩལ་ཡོད་པ་མ་ཟད། བུད་མེད་ནུས་སྟོབས་སྤེལ་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་རབ་དང་རིམ་པ་སྩལ་ཡོད། འགྲོ་བ་མིའི་སྤྱི་ཚོགས་འདི་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡོང་བར་བུད་མེད་ཚོས་འགན་ཁུར་དགོས་པའི་བཀའ་སློབ་སྩལ་ཡོད། བུད་མེད་རྣམས་ལ་རང་བཞིན་གྱི་བྱམས་བརྩེ་ལྡན་ཡོད། སྒྲིག་འཛུགས་དང་ཁྲིམས་ཀྱི་ཐོག་ནས་ཕོ་མོ་འདྲ་མཉམ་ཡིན། སོ་སོ་རང་ཉིད་བསམ་བློ་གཏོང་ཕྱོགས་ཐད་ལ་ནོར་གྱི་ཡོད། དེ་རིང་འདིར་མར་ལྟ་ཡོང་དུས་སྲི་ཞུའི་ལས་བྱེད་བུད་མེད་མང་པོ་ཞིག་ཕེབས་འདུག བུད་མེད་ཉིན་མོ་དེ་བཞིན་ཧ་ཅང་གལ་ཆེན་པོ་བརྩིས་བའི་ཐོག་ནས་བཅར་དགོས་རྒྱུ་གལ་ཆེན་པོ་རེད། ཕྱོགས་མཚུངས་དུས་དྲན་དང་དུས་ཆེན་སྐབས་སྲི་ཞུའི་ལས་བྱེད་ངེས་པར་དུ་ཡོང་དགོས་རྒྱུ་གལ་ཆེན་པོ་རེད་ལ་བཅར་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་།

དེ་རྗེས་དཔལ་འབྱོར་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཚོགས་བཅར་བ་ཡོངས་ནས་བུད་མེད་ནུས་སྟོབས་གོང་སྤེལ་དང་འབྲེལ་བའི་ཚོགས་ཆེན་དང་པོ་སྐབས་ཀྱི་དགོངས་ཚུལ་དོན་ཚན་ ༥༤ བསྡུ་རུབ་ཞུས་པ་རྣམས་ཚོགས་བཅར་བ་རྣམས་ཚོགས་ཆུང་བདུན་ལ་བགོས་ཏེ་བུད་མེད་ནུས་སྟོབས་གོང་སྤེལ་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་བགྲོ་གླེང་རྒྱས་པ་ཞིག་གནང་ཡོད་པ་བཅས། །