19
Fri, Apr

༢༠༡༩ལོའི་ཟླ་༣་ཚེས་ཉིན་རྡ་སར་བོད་མི་སྒེར་ལངས་བྱུང་ནས་ལོ་༦༠འཁོར་བའི་དུས་དྲན་སྲུང་བརྩི་ཞུས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ ཟླ་ ༣ ཚེས་ ༡༠ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པར་ངོ་རྒོལ་བྱེད་ཆེད་མི་མང་སྒེར་ལངས་བྱས་ཏེ་ལོ་༦༠་འཁོར་བའི་དུས་དྲན་དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་གཞུང་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་ཚོགས་སོང་།

དེ་ཡང་མཛད་སྒོའི་ཐོག་རྒྱ་གར་དང་ཕྱི་རྒྱལ་ཁག་གི་བོད་དོན་རྒྱབ་སྐྱོར་བ་དང་གྲོས་ཚོགས་འཐུས་མི་བཅོ་ལྔ་ལྷག་ཕེབས་འདུག་ཅིང་། གཞན་ཡང་ཨ་རི་དང་ཨོ་སི་ཊོ་ལི་ཡ། ཡུ་རོབ་ཁུལ་དུ་གནས་སྡོད་རྒྱ་རིགས་མཁས་དབང་དང་མང་གཙོ་དོན་གཉེར་བ། དེ་བཞིན་རྒྱ་ནག་སྐམ་ས་བཅས་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱ་རིགས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ཕེབས་འདུག

དེ་ཡང་གསུང་བཤད་ཀྱི་ཐོག་མ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་བ་དང་། དེ་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་གནང་།

དེ་ནས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤཱན་ཏ་ཀུ་མར་མཆོག་གིས་གསུངས་དོན། རྒྱ་གར་སྲོལ་རྒྱུན་ཧིན་དུའི་རིག་བྱེད་པའི་གཞུང་ནང་འཇིག་རྟེན་ཡོངས་རྫོགས་ཁྱིམ་ཚང་གཅིག་ཡིན། ཞེས་གསུང་པ་ལྟར། ཕྲན་རང་ཉིད་རྒྱ་གར་གྲོས་ཚོགས་འཐུས་མི་ཞིག་ཡིན་སྟབས་འབོད་སྐུལ་ཞིག་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གི་དྲག་གནོན་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་འབྱོལ་དུ་ཕེབས་དགོས་བྱུང་ཡོད། ད་ཆ་བཞུགས་སྒར་རྡ་ས་དེ་བཞིན་འཛམ་གླིང་ཡོངས་སུ་ཆོས་ཀྱི་གནས་ཆེན་ཞིག་ཆགས་ཐུབ་པ་ནི་གཙོ་ཆེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཡིན། ངའི་རེ་བར་གཞིས་བྱེས་མཉམ་འདོམས་ཀྱི་སྐྱིད་པའི་ཉི་མ་ཞིག་མགྱོགས་ནས་མྱུར་དུ་འཆར་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་གཙང་མཞུ་བཞིན་ཡོད། ཅེས་སོགས་གསུངས་།

དེའི་རྗེས་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མ་སི་མན་མཆོག་གིས་དེ་སྔོན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ད་ཐེངས་ ༦༠ ཆགས་ཡོད། ང་ཚོ་འདིར་བཅར་དགོས་དོན་ནི། གཞིས་བཞུགས་བོད་མི་ཡོངས་ལ་རྒྱབ་སྐྱོར་གཡོ་བ་མེད་པ་དང་། གདུང་སེམས་མཉམ་སྐྱེད་མཚོན་སླད་འདིར་ཡོང་བ་ཡིན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། མང་གཙོའི་ཐོབ་ཐང་རྩོད་བཞིན་ཡོད། ཅེས་དང་། ཡུ་རོབ་གྲོས་ཚོགས་ནང་ད་བར་བོད་དོན་ལས་འགུལ་ཇིི་ཙམ་སྤེལ་མིན་སྐོར་སོགས་གསུངས།

དེའི་རྗེས་སླར་ཡང་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ཚོགས་མི་སྐུ་ཞབས་མེ་ཤལ་བྷ་རནྜ་མཆོག་གིས་དེ་རིང་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་བཅར་རྒྱུ་དང་། སྐབས་ཆ་ཤོད་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་ཀྱི་རྩ་དོན་དང་། གཞིས་བཞུགས་བོད་མི་ཡོངས་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད། ང་ཚོ་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད། ཅེས་སོགས་གསུངས།

དེ་ནས་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་ཨེ་ན་ཏོ་ལ་ཨིན་ཅར་ཏི་མཆོག་གིས་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་མི་མང་པོས་རང་ལུས་མེར་སྲེག་བཏང་བ་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ནི་འགྲོ་བ་མི་རིགས་ཀུན་ལ་ཕན་པའི་རིག་གཞུང་ཡིན་པ་དང་། རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པར་སློར་གསོའི་འཐབ་རྩོད་གནང་བཞིན་ཡོད་སྐོར་གསུངས། དེ་རྗེས་སི་ལོ་ཝ་ཀི་ཡའི་ནས་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལུ་ཤི་ཡ་ཌུ་རི་སི་ནི་ཀོལ་སོ་ནོ་ཝ་མཆོག་གིས་གསུང་བཤད་གནང་།

དེའི་རྗེས་སླར་ཡང་ཁེ་ན་ཌ་ནས་གྲོས་ཚོགས་འཐུས་མི་སྐུ་ཞབས་གར་ནེ་ཌི་ཇི་ནེ་སི་མཆོག་དང་། ལྷོ་ཨ་མི་རི་ཀའི་གླིང་ཆེན་གྱི་པེ་རུ་ནས་སྐུ་ཞབས་ (Mr. Albeto de Belaunde) མཆོག ཐེ་ཝན་ནས་ལྕམ་སྐུ་མེ་ནུ་ཡུ་མཆོག ལྷོ་ཨ་ཕི་རི་ཀ་ནས་ལྕམ་སྐུ་སེན་ཌི་ཀལ་ཡཱན་མཆོག དེ་བཞིན་རྒྱ་རིགས་ཀྱི་སྐུ་ཚབ་སྐུ་ཞབས་ཡང་ཅེ་ལིན་མཆོག་བཅས་ཀྱིས་རྒྱ་ནག་གཞུང་གིས་དྲག་གནོན་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ཕེབས་དགོས་བྱུང་སྐོར་དང་།

བོད་ཀྱི་གནད་དོན་དེ་བཞིན་བོད་མི་ཙམ་གྱི་གནད་དོན་ཞིག་མིན་པར་འཛམ་གླིང་གི་གནད་དོན་གལ་ཆེན་པོ་ཞིག་ཆགས་བཞིན་ཡོད་སྐོར། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་བྱེད་བཞིན་ཡོད་སྐོར་སོགས་གསུངས་སོང་།