22
Fri, Mar
40 New Articles

༢༠༡༩ལོའི་ཟླ་༣་ཚེས་༨ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྡ་སར་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་བྱས་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༣་ཚེས་༨ཉིན། བཞུགས་སྒར་རྡ་ས་མེག་ལོར་སྤྱི་ཐང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་ནས་བོད་ཕྱི་ནང་གཉིས་ཀྱི་བུད་མེད་ཤེས་ཡོན་དང་ཆབ་སྲིད། ཆོས་ལུགས། སྤྱི་ཚོགས་ཞབས་ཞུ་བ། སྒྱུ་རྩལ་དང་རྩོམ་རིག་བཅས་ཀྱི་ཐོག་འབུར་དུ་ཐོན་པའི་བུད་མེད་བཅོ་ལྔའི་ལོ་རྒྱུས་དང་བྱས་རྗེས་འགྲེམས་སྤེལ་གནང་སོང་།

དེ་ཡང་། བཙན་བྱོལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ལོ་འདིའི་བརྗོད་བྱ་ (ཡར་རྒྱས་ཆེད་དུ་འདྲ་མཉམ་དགོས) (Balance for Better)ཞེས་པ་གཞི་བཞག་ཐོག དེ་རིང་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུ་སྐབས་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་དེ་རིང་རྒྱལ་སྤྱིའི་བུད་མེད་ཉིན་མོའི་ངོ་སྤྲོད་དང་འབྲེལ་ཐོག་གསུང་དོན། དེ་རིང་རྒྱལ་སྤྱིའི་བུད་མེད་ཉིན་མོ་འདི་འཛམ་གླིང་གང་ས་སྲུང་བརྩི་ཞུ་བཞིན་ཡོད་རེད། ང་ཚོས་ཡང་ཉིན་མོ་འདི་སྲུང་བརྩི་བྱེད་ཀྱི་ཡོད། དེ་བཞིན་འདིར་བོད་ཕྱི་ནང་གཉིས་ཀྱི་བུད་མེད་བྱས་རྗེས་ཅན་ཚོའི་ལོ་རྒྱུས་དང་པར་སོགས་འགྲེམས་སྤེལ་བྱས་ནས་བོད་ཀྱི་བུད་མེད་ཚོས་གོ་སྐབས་ཡོད་ན་སྐྱེས་པ་ཕོ་དང་འདྲ་བར་ལས་ཀ་བྱེད་ཐུབ་པ་དང་། གཞན་བུད་མེད་ན་གཞོན་ཚོས་རང་ཉིད་ཀྱིས་གང་ཐུབ་བྱས་ན་བུད་མེད་ལ་འཇོན་ནུས་ལྡན་གྱི་ཡོད་པ་སྟོན་ཆེད་དུ་ཡིན་པ་བཅས་གསུངས་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཆར་འགོད་འགན་འཛིན་བསྟན་འཛིན་མཁའ་འགྲོ་ལགས་ཀྱིས་ལོ་འདིའི་བརྗོད་བྱ(ཡར་རྒྱས་ཆེད་དུ་འདྲ་མཉམ་དགོས)(Balance for Better)ཞེས་པའི་ཐོག་ལ་བརྗོད་དོན། བརྗོད་བྱ་འདི་ནི་ཡར་རྒྱས་ཅན་གྱི་འཛམ་གླིང་ཞིག་ཡོང་བར་ཕོ་མོ་འདྲ་མཉམ་དགོས་པ་གལ་ཆེན་པོ་ཡིན་པ་དང་། ཕོ་མོ་ཟུང་འབྲེལ་ཐོག་ནས་ཡར་རྒྱས་ཅན་གྱི་འཛམ་གླིང་ཞིག་བསྐྲུན་པར་འོས་འགན་མཉམ་ལེན་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་སོང་།

བོད་ཕྱི་ནང་གཉིས་ཀྱི་བུད་མེད་ཤེས་ཡོན་དང་ཆབ་སྲིད། ཆོས་ལུགས། སྤྱི་ཚོགས་ཞབས་ཞུ་བ། རྩོམ་རིག་དང་སྒྱུ་རྩལ་བཅས་ཀྱི་ཐོག་འབུར་དུ་ཐོན་པའི་བུད་མེད་བཅོ་ལྔའི་ལོ་རྒྱུས་དང་བྱས་རྗེས་འགྲེམས་སྤེལ་གནང་བའི་ནང་དུ། ཆབ་སྲིད་སྡེ་ཚན་ནས་བོད་ཀྱི་བུད་མེད་ལྷན་ཚོགས་དབུ་འཛུགས་མཁན་རྒྱུ་བརྟེན་ཀུན་བཟུང་ལགས་དང་། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས། བོད་རང་དབང་ཐོབ་རྩོད་པ་ལྷག་སྒྲོན་ཐེ་ཐོག་ལགས། ཤེས་ཡོན་སྡེ་ཚན་ནས་རྒྱལ་ཡབ་ཆེན་མོ་ཚེ་རིང་བདེ་སྐྱིད་ལགས། ཨ་མ་རྗེ་བཙུན་པདྨ་ལགས། རིན་ཆེན་མཁའ་འགྲོ་ཆོས་རྒྱལ་ལགས། ཆོས་ལུགས་སྡེ་ཚན་ནས་ཡེ་ཤེས་བསོད་རྒྱལ་མཆོག རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ། བསམ་སྡིངས་རྡོ་རྗེ་ཕག་མོ་མཆོག སྤྱི་ཚོགས་ཞབས་ཞུ་སྡེ་ཚན་ནང་ནས་ངག་དབང་ལྷ་མོ་ལགས། ཁ་ཎ་ཌའི་ནང་བཞུགས་ཡོད་པའི་བསྟན་འཛིན་གསལ་སྒྲོན་ལགས། བློ་བཟང་རབ་རྒྱས་ལགས། རྩོམ་རིག་དང་སྒྱུ་རྩལ་སྡེ་ཚན་ནང་ནས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས། རྩོམ་པ་པོ་ཚེ་རིང་དབང་མོ་སྡོམ་པ། ལྷ་མོ་ཁྲབ་མཁན་ཨ་མ་ལྷག་པ་ལགས་བཅས་རེད་འདུག

གསལ་བསྒྲགས་ཀྱི་ས་མིག