23
Tue, Apr

༢༠༡༩ལོའི་ཟླ་༣་ཚེས་༡ ཉིན་རྡ་ས་སྨན་རྩིས་ཁང་དུ་ལས་དོན་གསུམ་གྱི་ཐོག་ནས་གསལ་བསྒྲགས་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣་ཚེས་༡ཉིན། བཞུགས་སྒར་རྡ་ས་སྨན་རྩིས་ཁང་གི་ཚོགས་ཁང་དུ་སྨན་རྩིས་ཁང་གི་མཐོ་སློབ་གསར་རྒྱག་ལ་རྒྱ་གར་གཞུང་གིས་མ་དངུལ་འབུམ་དགུ བརྒྱ་་གནང་ཡོད་པ་དང་། སྨན་རྩིས་ཁང་གི་སྨན་པ་ཞིང་གཤེགས་དམ་པ་ལྷ་རྗེ་བསྟན་འཛིན་བྱང་ཆུབ་ལགས་ཀྱིས་ནུབ་ཕྱོགས་སུ་ཁྲིམས་མཐུན་གྱི་སྨན་ཁང་ཞིག་བརྒྱབས་ཡོད་པ་དེ་སྨན་རྩིས་ཁང་ལ་ཕུལ་བའི་སྐོར། དེ་བཞིན་སྔ་ལོའི་ཨ་རིའི་ཚན་རིག་དང་འཁོར་ཡུག་གི་དུས་དེབ་ཐོག་བོད་སྨན་ནང་དངུལ་ཆུ་བེད་སྤྱོད་གནང་བ་དེས་བོད་ཀྱི་འཁོར་ཡུག་ལ་ཉེན་ཚབས་ཡོད་པའི་གྲུབ་དོན་ཞེས་འདོན་སྤེལ་གནང་བ་དེར་བསྐྱར་ཞིབ་བྱས་ཡོད་པའི་གསར་འགོད་གསལ་བསྒྲགས་གནང་སོང་།

དེ་ཡང་། སྨན་རྩིས་ཁང་མཐོ་སློབ་ཚོགས་ཁང་དུ་སྨན་རྩིས་ཁང་གི་ལས་དོན་གསུམ་ཐོག་གསར་འགོད་གསལ་བསྒྲགས་གནང་སོང་། དེའི་སྐབས། སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་ཪིང་ལགས་དང་བླ་ཞབས་སྨན་པ་ཚེ་དབང་རྟ་མགྲིན་ལགས། ཕྱི་རྒྱལ་བ་བོད་སྨན་ཞིབ་འཇུག་པ་སྨན་པ་ས་ར་ས་ལོན( Sarah Salon)་དང་སྨན་རྩིས་ཁང་གི་སྨན་པ་དང་སྨན་ཞབས། སློབ་ཕྲུག་བཅས་ཁྱོན་མི་གྲངས་དྲུག་ཅུ་ཙམ་འཛོམས་འདུག

དང་ཐོག་དེར། སྨན་རྩིས་ཁང་གི་འགན་འཛིན་ལགས་ཀྱིས་ལས་དོན་གསུམ་ཐོག་ངོ་སྤྲོད་གནང་དོན། དང་པོ་དེ་སྨན་རྩིས་ཁང་གིས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བྷང་ལོར་དུ་མཐོ་སློབ་གསར་པ་ཞིག་འཛུགས་བསྐྲུན་བྱེད་འཆར་ཡོད་པ་དང་། དེའི་ཐོག་ལ་རྒྱ་གར་གཞུང་དང་ཀྭ་ཎ་ཌ་ཀའི་མངའ་སྡེའི་མ་དངུལ་ཧིན་སྒོར་འབུམ་དགུ་བརྒྱ་ཡི་ཞལ་འདེབས་གནང་ཡོད་པ་རེད། གཉིས་པ་དེ་སྨན་རྩིས་ཁང་གི་སྨན་པ་ཞིང་གཤེགས་དམ་པ་ལྷ་རྗེ་བསྟན་འཛིན་བྱང་ཆུབ་ལགས་ཀྱིས་མི་གཅིག་གི་ནུས་པར་བརྟེན་ནས་ནུབ་ཕྱོགས་སྤྱི་ཚོགས་སུ་ཁྲིམས་མཐུན་གྱི་སྨན་ཁང་ཞིག་བརྒྱབས་ཡོད་པ་དེ་སྨན་རྩིས་ཁང་ལ་ཕུལ་བའི་སྐོར་དང་། གསུམ་པ་དེ་སྔ་ལོའི་ཨ་རིའི་ཚན་རིག་དང་འཁོར་ཡུག་གི་དུས་དེབ་འདོན་ཐེངས་༤༢(༡༥)་ཐོག་བོད་སྨན་ནང་དངུལ་ཆུ་བེད་སྤྱོད་གནང་བ་དེས་བོད་ཀྱི་འཁོར་ཡུག་ལ་ཉེན་ཚབས་ཡོད་པའི་གྲུབ་དོན་ཞེས་པའི་རྩོམ་ཡིག་འདོན་སྤེལ་བྱས་པ་དེར་བསྐྱར་ཞིབ་གནང་དོན་སྐོར་བཅས་རེད།

དེ་ནས་སྨན་རྩིས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷུན་འགྲུབ་ལགས་ཀྱིས་༼སྔ་ལོའི་ཨ་རིའི་ཚན་རིག་དང་འཁོར་ཡུག་གི་དུས་དེབ་འདོན་ཐེངས་༤༢(༡༥)་ཐོག་བོད་སྨན་ནང་དངུལ་ཆུ་བེད་སྤྱོད་གནང་བ་དེས་བོད་ཀྱི་འཁོར་ཡུག་ལ་ཉེན་ཚབས་ཡོད་པའི་གྲུབ་དོན་ཞེས་འདོན་སྤེལ་པ་ལ་བསྐྱར་ཞིབ།༽་ཞེས་པའི་བསྒྲགས་གཏམ་བཀླགས་སོང་། རྒྱའི་ཉམས་ཞིབ་ལིའུ་དང་ཁོང་གིས་ལས་རོགས་རྣམས་ནས་སྙན་ཐོའི་ངོ་སྤྲོད་ནང་དུ་འཛམ་གླིང་གི་དངུལ་ཆུའི་འབྱུང་ཁུངས་གཙོ་བོ་གཉིས་པ་ཡོད་པའི་ཐོག་ནས་གསལ་ཁ་གང་ཡང་མ་གནང་བར་བོད་མི་རྣམས་ཀྱིས་བོད་སྨན་བསྟེན་པ་ལས་དངུལ་ཆུ་དཀའ་ངལ་ཡོང་རྒྱུ་ལོག་བཤད་དང་འཁྱོགས་བཤད་བྱས་པར་ལན་འདེབས་དོན་ཚན་གསུམ་ཐོག་ནས་གནང་སོང་། དང་པོར་དཔྱད་རྩོམ་གྱི་ངོ་སྤྲོད་ནང་ཞན་ཆ་འཚོལ་བ། གཉིས་པ་དེ་ཉམས་ཞིབ་ཀྱི་རྒྱུ་ཆ་དང་ཐབས་ལམ་ནང་ཞན་ཆ་འཚོལ་བ། གསུམ་པར།ཞིབ་འཇུག་གི་གྲུབ་དོན་དང་གླེང་གཞིའི་ནང་ཞན་ཆ་འཚོལ་བ་ཞེས་པ་བཅས་ཡིན་འདུག

གཞན་ཡང་བོད་སྨན་ནང་ལ་དངུལ་ཆུ་དུག་འདོན་ཟིན་པ་པའི་བཙོ་ཐལ་བེད་སྤྱོད་བྱེད་པ་ལས་དངུལ་ཆུ་རྗེན་པ་ནམ་ཡང་བེད་སྤྱོད་གཏོང་སྲོལ་མེད་པ་ཚང་མས་མཁྱེན་དགོས་ཞེས་བརྗོད་སོང་།

མཐའ་མར། སྨན་པ་ས་ར་ས་ལོན( Sarah Salon)་ལགས་ཀྱིས་མོ་རང་ཡང་བོད་སྨན་བཟོས་ནས་ནད་དྲག་པའི་ནད་པ་ཞིག་ཡིན་པ་དང་།བོད་སྨན་ནང་རྒྱའི་ཉམས་ཞིབ་པས་སྙན་ཐོ་བཏོན་པ་ནང་བཞིན་དངུལ་ཆུ་དངོས་མེད་པ་དང་། ཚན་རིག་པས་བརྟག་དཔྱད་བརྒྱུད་ནས་ཀྱང་ལུས་པོ་དང་འཁོར་ཡུག་ལ་གནོད་པའི་དངུལ་ཆུ་དངོས་མེད་པ་དང་བོད་སྨན་ནང་འབྲེས་བའི་དངུལ་ཆུ་ནི་ངོ་བོ་གཞན་ཞིག་ཏུ་བསྒྱུར་ཚར་ཡོད་སྐོར་བཅས་བརྗོད་སོང་།