19
Fri, Apr

༢༠༡༩ལོའི་ཟླ་༢་ཚེས་༢༨་ཉིན་སྨོན་ལམ་ཚིག་མཛོད་ཆེན་མོའི་ཚོགས་འདུ་ཐེངས་བདུན་པ་ཚོགས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ༢་ཚེས་༢༨་ཉིན། བཞུགས་སྒར་རྡ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་བདུན་པ་དེ་ཚོགས་སོང་།

དེ་ཡང་ཚོགས་འདུ་དེའི་ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་དོར་མཆོགདེ་བཞིན་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་མི་སྣ་ཁག་བཅས་ཁྱོན་མི་གྲངས་སུམ་ཅུ་ཞིག་ཕེབས་གནང་འདུག

ཚོགས་འདུའི་ཐོག་མར། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚོགས་འདུའི་དགོས་དམིགས་ངོ་སྤྲོད་གནང་དོན། སྨོན་ལམ་བོད་ཡིག་ཚིག་མཛོད་བེད་སྤྱོད་གཏོང་མཁན་ས་ཡ་བཞི་ཙམ་ཡོད་པ་དང་། དེའི་ཐོག་ལ་མུ་མཐུད་ནས་ཤུགས་སྣོན་རྒྱག་རྒྱུ་ཡིན་པར་གསུངས་སོང་།

ཁོང་གིས་མ་འོངས་པའི་ལས་འཆར་སྐོར་ནས་གསུང་དོན། སྨོན་ལམ་ཚིག་མཛོད་བེད་སྤྱོད་གཏོང་མཁན་མང་པོ་ཡོད་རུང་། བེད་སྤྱོད་ཡག་པོ་གཏོང་མི་ཤེས་མཁན་མང་པོ་ཡོད། དེར་བརྟེན།སློབ་གྲྭ་ཁག་དང་དགོན་སྡེ་ཁག་ནང་དུ་བེད་སྤྱོད་གཏོང་སྟངས་ངོ་སྤྲོད་བྱ་རྒྱུ་ཡིན་པ་དང་། གཞན་ཡང་། ཐ་སྙད་ཀྱི་འབྱུང་ཁུངས་བཙལ་འཆར་ཡོད་པའི་ལས་གཞི་སོགས་གསུངས་སོང་།

དེའི་རྗེས། སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་དོར་མཆོག་གིས་གསུང་དོན། ཚིག་མཛོད་གལ་ཆེན་པོ་ཡིན་པ་དང་། ང་ཚོས་ཐ་སྙད་ལ་བརྟེན་ནས་བརྗོད་དོན་རྟོགས་ཀྱི་ཡོད་པ་རེད། དམིགས་གསལ་བཀའ་འགྱུར་བསྟན་འགྱུར་གྱི་ཐ་སྙད་ཚོར་ཚིག་འགྲེལ་ཡག་པོ་རྒྱག་ཐུབ་ན་མི་མང་པོས་ཀློག་རྒྱུར་ཕན་ཐོགས་ཡོང་གི་རེད། དེ་མ་གཏོགས་བཀའ་འགྱུར་བསྟན་འགྱུར་ཀློག་མཁན་ཉུང་ཉུང་རེད། དོན་མ་རྟོགས་ཙང་ཉོབ་འགྲོ་ཡི་ཡོད་རེད། གཞན་ཡང་ཁོང་གིས་བེད་སྤྱོད་ཆེན་པོ་དང་ཕན་ཐོགས་ཡོད་པའི་དོན་གཅིག་མིང་གི་རྣམ་གྲངས་ཚིག་མང་ཙམ་ལ་འགྲེལ་བ་གནང་ཐུབ་ན་ཡག་པོ་ཡོད་སྐོར་བཅས་གསུངས་སོང་།

དེ་ནས་སྨོན་ལམ་བོད་ཡིག་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས་ཚིག་མཛོད་རིག་པའི་སྤྱི་སྒྲོམ་ངོ་སྤྲོད་དང་དེབ་དེའི་ནང་དཀར་ཆ་གཞི་བཟུང་ཐོག་ནས་གསར་བ་དང་འགྱུར་བ་གང་དང་གང་བཏང་ཡོད་མེད་སོགས་ཀྱི་འགྲེལ་བརྗོད་གནང་སོང་།

ཐེངས་འདིའི་ཚོགས་འདུ་འདི་ཉིན་གཉིས་རིང་འཚོགས་རྒྱུ་ཡིན་འདུག