22
Fri, Mar
40 New Articles

༢༠༡༩ལོའི་ཟླ་༢་ཚེས་༢༧་ཉིན་བཞུགས་སྒར་དུ་བརྟན་བཞུགས་འབུལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
Typography

༸གོང་ས་མཆོག་གིས། སྤྱིར། ལས་མ་བྱས་པ་དང་མི་འཕྲད། ལས་བྱས་པ་ཆུད་མི་ཟ་ཞེས་གསུངས་པ་ལྟར། སློབ་མས་དགེ་བ་བསགས་པ་དེས་བླ་མར་ཕན་པ་ཡོད་། དེ་ནི་ཆོས་ཕྱོགས་ཐོག་ནས་འབྲེལ་བ་ཡོད། ཁྱིམ་ཚང་གཅིག་ཡིན་ཡང་། ནང་མི་གཅིག་གིས་དགེ་བ་བསྒྲུབས་བཞག་པ་དེས་ནང་མི་ཚོར་ཕན་ཐོགས་ཡོད་པ་རེད། ཕྲུ་གུས་དགེ་རྩ་བསྒྲུབས་པ་དེས་ཕ་མ་ལ་ཕན་གྱི་རེད། ཅེས་གསུངས་སོང་།

དེ་ཡང་༢༠༡༩ལོའི་ཟླ་༢་ཚེས་༢༧ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་མ་ལག་དང་རྒྱལ་རོང་བྱེས་གྱེས་ཐུན་མོང་། བོད་ཀྱི་སྐུད་ལྭ་ཚོང་མཁན་ཚོགས་པ།དེ་བཞིན་སྨན་པ་སྐལ་བཟང་དོན་ལྡན་བཅས་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་སྐུ་ཚེ་ཡུན་རིང་བརྟན་ཅིང་ཐུགས་དགོངས་ཡིད་བཞིན་གྲུབ་པའི་ཆེད་དུ་བརྟན་བཞུགས་ཕུལ་སོང་། སྐབས་དེར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་གཙོ་པའི་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པ། དེ་བཞིན་བླ་མ་དང་གྲྭ་བཙུན། སྐྱེས་ཕོ་མོ་ཁྱོན་མི་སྟོང་ཕྲག་ཁ་ཤས་འཛོམས་འདུག

ཐོག་མར་༸གོང་ས་མཆོག་གིས་དེ་རིང་འདི་ན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པ། རྒྱལ་རོང་གཞིས་བྱེས་ཐུན་མོང་། བོད་ཀྱི་སྐུ་ལྭ་ཚོང་མཁན་ཚོགས་པ། དེ་བཞིན་སྨན་པ་སྐལ་བཟང་དོན་ལྡན་བཅས་ནས་བརྟན་བཞུགས་བསྟར་འབུལ་གནང་བ་རེད་ཅེས་དང་། དེ་ནས་ཁོང་གིས་ཤེས་རིག་ལས་ཁུངས་ནས་དམ་བཅའ་ཡིག་གེ་ལྗངས་ཀློག་གནང་དོན། བདག་ཅག་མ་འོངས་པ་བོད་ཀྱི་སོན་རྩ་རྣམས་མགོན་པོ་གང་ཉིད་བཀའ་འོག་དུ་མཐུན་པ། ཆོས་བཞིན་ཞི་བའི་ས་བོན་ཐོག་འདབ་གཤོག་གཉིས་ལྡན་དང་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཚད་ལྡན་ཤ་སྟག་གསོ་སྐྱོང་ཐོག་ལྷག་བསམ་གཡོ་མེད་དང་རང་ཉིད་གང་ཡོད་ཀྱིས་འབད་བརྩོན་བྱེད་ཆེད་ལས་དང་། རྒྱབ་མདུན་ངོ་བོ་མེད་པ་སྤྱི་མཉམ་དྲང་བདེན།སློབ་མ་ཀུན་ལ་ཉེ་རིང་མེད་པ་ཞུ་རྒྱུ་དང་སྒས་སུ་མགོན་པོ་གང་ཉིད་ཐུགས་དགོངས་དམ་བཅའ་བཞི་ཡོད་པ་ནང་ནས་དང་པོ། འགྲོ་བ་མིའི་རྒྱུ་ལ་བཟང་སྤྱོད་གོང་སྤེལ་གཏོང་ཐབས་དང་འབྲེལ་བའི་ཤེས་ཡོན་སློབ་གསོ་ནང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གནང་ཕྱོགས་ཀྱི་མཛད་འཕྲིན་འཛམ་གླིང་ཁྱོན་ཡོངས་ལ་བསྐྱངས་དང་སྐྱོང་བཞིན་པ་དང་། ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་ཁག་གིས་དེ་ལྟར་འཛམ་གླིང་ཁྱོན་ཡོངས་ལ་མིག་དཔེ་སྟོན་ཐུབ་པ་ཞིག་ཡོང་རྒྱུ་འབད་བརྩོན་སྒོ་ཀུན་ནས་བྱེད་རྒྱུ་དམ་བཅའ་གཙང་མ་ཞུ་རྒྱུ་ཞེས་ལྗངས་བཀླགས་རྗེས།

༸གོང་ས་མཆོག་གིས་དེ་ཡག་པོ་ཞེ་དྲག་བྱུང་འདུག ང་རང་བོད་པ་ཚོ་ལོ་སྟོང་ཕྲག་རིང་ཕལ་ཆེར་བོད་མི་སེམས་ཤུགས་སྙིང་སྟོབས་ལ་ངོ་མཚར་སྐྱེ་དགོས་བ་རེད་འདུག དཀའ་ངལ་ག་རེ་འཕྲད་པ་ཡིན་ནའང་གདོང་ལེན་བྱེད་ཐུབ་པ་ཡོད། དེ་གཙོ་བོ་ཡོང་ཁོངས་ནི་བོད་ཀྱི་རིག་གཞུང་རེད། སངས་རྒྱས་ཆོས་དང་འབྲེལ་བའི་རིག་གཞུང་ཞིག་ཡོད་ཙང། བོད་མིར་སེམས་ཤུགས་ཡོད་བསྡད་པ་དེ་ཕལ་ཆེར་རེད། བོད་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡོད་སྐབས་བོད་ཆིག་སྒྲིལ་ཞེ་དྲག་ཡོད་པ་རེད། དེ་ནས་བོད་སིལ་བུ་ཐོར་བ་རེད། དེ་འདྲ་ཐོག་ནས་ཆབ་སྲིད་ཐོག་བོད་ཉམས་དམའ་བོ་ཞེ་དྲག་ཆགས་པ་རེད་ཅེས་དང་།

རྒྱལ་རོང་དཔེར་བཞག་ན་བོད་སིལ་བུ་ཐོར་ནས་དཀའ་ངལ་ཞེ་དྲག་འཕྲད་འདུག དེ་བཞིན་ངོས་སྐྱེས་ས་ཙོང་ཁའི་ཡུལ་དེའང་དབུས་ཕྱོགས་སུ་ཕལ་ཆེར་འབྲེལ་བ་མེད་པ་རེད། ཆོས་ཕྱོགས་འབྲེལ་བ་ཡོད་རེད། ཆབ་སྲིད་ཐོག་ནས་བོད་རྦད་དུ་སིལ་བུ་ཐོར་ཕྱིན་པ་རེད། བོད་འདི་ཆབ་སྲིད་ཐོག་ནས་ཐབས་སྐྱོ་བོ་ཞེ་དྲག་ཆགས་ཡོད་རེད། འོན་ཀྱང་། བོད་ཆོལ་གསུམ་བོད་མི་ཡོངས་རྫོགས་གོང་བུ་གཅིག་གྱུར་བྱས་ནས་བསྡད་ཐུབ་པ་དེ་བོད་ཀྱི་ཆོས་དང་རིག་གཞུང་ལ་རག་ལས་པ་རེད་ཅེས་གསུངས།

དེ་རྗེས་ཁོང་གིས་བོད་ཀྱི་ཆོས་དང་སྐད་ཡིག་རྒྱ་གར་ནས་བླངས་པའི་སྐོར་དང་། བོད་ཀྱི་ཆོས་རྒྱལ་ཚོས་སྐུ་ལས་སྐྱོན་ནས་རྒྱལ་གར་ནས་ཆོས་དང་སྐད་ཡིག་སོགས་བླངས་ནས་བོད་ཀྱི་རིག་གཞུང་སྲ་ཏག་ཏག་བཟོས་ཡོད་སྐོར། དེ་བཞིན་བཀའ་འགྱུར་བསྟན་འགྱུར་རྣམས་བོད་ཡིག་ནང་སྒྱུར་ནས་བོད་མདོ་དབུ་ཁམས་གསུམ་ནང་ཁྱབ་བསྡད་ཡོད་པ་རྐྱེན་གྱིས་བོད་གཅིག་སྒྲིལ་བྱས་ནས་བསྡད་ཐུབ་པ་དང་ཡོང་ཐུབ་ཀྱི་ཡོད་རེད་ཅེས་གསུངས།

གཞན་ཡང་། ༸གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དེ་དག་སློབ་གྲྭ་ནང་བསླབ་རྒྱུར་གལ་ཆེན་པོ་ཡིན་པ་དང་། སློབ་གྲྭ་ཁག་ནང་གི་ཆོས་དགེ་ཚོར་ལྟ་གྲུབ་དགེ་རྒན་ཞེས་ཞུ་ན་ཡག་པོ་འདུག སྨོན་ལམ་དང་ཆོ་ག་བྱེད་རྒྱུ་དེ་ཆོས་ལུགས་གཞན་དེ་ཚོར་ཡང་ཡོད་པ་རེད། ང་ཚོའི་ཆོས་དེ་མི་འདྲ་བ་ནི་མཚན་ཉིད་རིག་པ་དང་མཚན་ཉིད་རྩོད་རྒྱུ་ཡོད་པ་དེ་རེད། དེར་བརྟེན། བོད་པའི་སློབ་ཕྲུག་ཚོར་ཚད་མ་རིག་པ་དང་སེམས་ཁམས་རིག་པ་བསླབ་དགོས་ཞེས་ནན་ཏན་ངང་གསུངས་སོང་།

བོད་པ་ལ་ཆ་བཞག་པ་ཡིན་ན། དེ་ཕྱིའི་དངོས་པོ་གཅིག་པོ་ཐོག་བསམ་བློ་གཏོང་བ་མ་ཡིན་པར། ནང་སེམས་པའི་ཐོག་བསམ་བློ་གཏོང་ས་ཡོད་རེད། ང་ཚོར་གཟུགས་པོ་ལ་འཕྲོད་བསྟེན་དགོས་པ་ནང་བཞིན་སློབ་གྲྭ་ནས་ནང་སེམས་པར་འཕྲོད་བསྟེན་སློབ་དགོས་ཀྱི་འདུག ལུས་པོའི་འཕྲོད་བསྟེན་དེ་བྱིས་པ་ཆུང་ཆུང་སྐབས་ནས་སློབ་དགོས་ཀྱི་ཡོད། དེར་བརྟེན། ནང་སེམས་ཀྱི་འཕྲོད་བསྟེན་སློབ་དགོས་ཀྱི་འདུག་ཅེས་གསུངས་སོང་།

མཐའ་མ་དེར་།༸གོང་ས་མཆོག་གིས་བརྟན་བཞུགས་འབུལ་བ་དེ་ཡག་པོ་རེད། གཙོ་བོ་ཁྱེད་ཚོས་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཐོག་ནས་བརྟན་བཞུགས་ཕུལ་བ་རེད། ཐུགས་རྗེ་ཆེ་ཞུ་ཡི་ཡོད། དེ་བླ་མའི་ཚེ་བརྟན་པར་འབྲེལ་བ་ཏན་ཏན་ཡོད་རེད། སྤྱིར། ལས་མ་བྱས་པ་དང་མི་འཕྲད། ལས་བྱས་པ་ཆུད་མི་ཟ། ཞེས་གསུངས་པ་ལྟར། སློབ་མས་དགེ་བ་བསགས་པ་དེས་བླ་མར་ཕན་པ་ཡོད་རེད། དེ་ནི་ཆོས་ཕྱོགས་ཐོག་ནས་འབྲེལ་བ་ཡོད་རེད། ཁྱིམ་ཚང་གཅིག་ཡིན་ཡང་། མི་གཅིག་གིས་དགེ་བ་བསྒྲུབས་བཞག་པ་དེས་ནང་མི་ཚོར་ཕན་ཐོགས་ཡོད་པ་རེད། ཕྲུ་གུས་དགེ་རྩ་བསྒྲུབས་པ་དེས་ཕ་མ་ལ་ཕན་གྱི་རེད་ཅེས་སོགས་གསུངས་སོང་།

 

གསལ་བསྒྲགས་ཀྱི་ས་མིག