19
Fri, Apr

རྡ་སར་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་ཚོགས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༢་ཚེས་༢༥་ཉིན་སྤེལ། ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་ཟླ་འདིའི་ཚེས་༢༣་ནས་༢༥ཉིན་བར་ཉིན་གསུམ་རིང་ཚོགས་ཡོད་པ་དང་། དེའི་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་དང་བཀའ་ཟུར་ཟམ་གདོང་རིན་པོ་ཆེ། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་དང་། དེ་གཞན་མཁས་དབང་དང་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན། ད་དུང་ཕྱི་རྒྱལ་ཁག་ནས་ཕེབས་པའི་དགེ་རྒན་སོགས་ཚོགས་བཅར་དུ་ཕེབས་གནང་འདུག

དེ་ཡང་། ཟླ་འདིའི་ཚེས་༢༣་ལ་ཉིན་དང་པོ་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་དབུ་འབྱེད་ཀྱི་མཛད་སྒོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་དུ་ཚོགས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ལས་བཅས་ཁྱོན་ཚོགས་བཅར་བ་༢༤༢ཙམ་ཆེད་ཕེབས་ཀྱིས་མཉམ་ཞུགས་གནང་འདུག དང་ཐོག་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ནས་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་གྲོས་ཆོད་ལག་བསྟར་ཇི་ཞུས་སྙན་སྒྲོན་ཞུས་སོང་བ་དང་། དེ་ནས་དཔལ་ལྡན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས་ཚོགས་འདུའི་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་སྐུ་ཚབ་ཀྱིས་གསུང་བཤད་གནང་སོང་བ་དང་། མཇུག་ཏུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་ཆེན་དབུ་འབྱེད་དང་བཀའ་ཤག་གི་ལམ་སྟོན་གསུང་བཤད་གནང་རྗེས་ཤེས་རིག་དྲུང་འཕར་འཇིགས་མེད་རྣམ་རྒྱལ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་ཀྱི་མཛད་སྒོ་སྔ་དྲོའི་ཆུ་ཚོད་༡༡:༣༠ཐོག་ལ་གྲུབ་སོང་།

གསོལ་ཇའི་བར་གསེང་རྗེས། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་སློབ་གྲྭ་ཁག་ནང་གི་ཡ་རབས་བཟང་སྤྱོད་ཡར་རྒྱས་གཏོང་ཐབས་དང་འབྲེལ་བའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་སྐོར་གསུང་བཤད་གནང་རྗེས་དྲི་བ་དྲི་ལན་གནང་།

དེ་རྗེས་ཚོགས་ཆུང་སོ་སོར་གྲོས་གཞི་དང་པོ། གཏན་ཉིན་སློབ་གྲྭ་ཁག་ནང་ལོ་རེ་བཞིན་བོད་རིགས་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་བབས་དང་བསྟུན་མ་འོངས་པའི་སློབ་གྲྭའི་གྲངས་ཚད་དང་། ཤེས་ཡོན་གྱི་གནས་ཚད་སོགས་ཀྱི་ཐད་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་གཏོང་ཐབས་དང་། གྲོས་གཞི་གཉིས་པ། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ནས་ལོ་༡༣ལྷག་འགྲོ་བཞིན་པར་བརྟེན།ད་དུང་མུ་མཐུད་ཚགས་ཚུད་གཏོང་ཐབས་དང་།བོད་ཨིན་གཉིས་ཀྱི་སྐད་ཡིག་སློབ་ཁྲིད་ཡར་རྒྱས་གཏོང་ཐབས།ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་སྐོར་ལ་བཀའ་བསྡུར་གནང་འདུག

ཉིན་གཉིས་པར། ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་དངོས་གྲུབ་ཚེ་རིང་ལགས་ནས་ཤེས་ཡོན་གྱི་འགོ་ཁྲིད་གནང་ཕྱོགས་དང་འབྲེལ་ཆེད་ལས་དང་ནུས་པ་སོགས་གོང་མཐོར་གཏོང་ཕྱོགས་སྐོར་གསུང་བ་དང་། དེ་ནས་ཨ་རིར་གནས་སྡོད་བོད་རིགས་ཆེད་ལས་པ་བསྟན་འཛིན་འཆི་མེད་ནུ་བ་ལགས་ནས་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་ཀྱི་གནད་དང་ཐབས་བྱུས་སྐོར་གསུང་བཤད་གནང་ཡོད་པ་རེད། གཞན་ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་ནས་བོད་ཀྱི་སྲོལ་རྒྱུན་ལས་རིགས་དང་སྒྱུ་རྩལ་གྱི་གལ་གནད་དང་འབྲེལ་བའི་སྐོར་གསུང་བཤད་དང་། རྭཇ་གིལྜ་ལགས་(Lend-A-Hand-India)་ཡི་ངེས་སྟོན་པ་དང་གསར་འཛུགས་གནང་མཁན་ཁོང་གིས་སློབ་གྲྭ་ཁག་ནང་ལས་རིགས་སློབ་སྦྱོང་གི་གལ་གནད་དང་ཡར་རྒྱས་ཚགས་ཚུད་གཏོང་ཕྱོགས་སྐོར་གསུང་བཤད་གནང་ཡོད་པ་རེད།

དེ་རྗེས་ཚོགས་ཆུང་སོ་སོར་གྲོས་གཞི་གསུམ་པ། གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་ཡོང་མིན་གཙོ་བོ་ཞིག་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་རག་ལས་ཡོད་སྟབས། སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམ་པའི་ཆེད་ལས་དང་ནུས་པ་སོགས་གོང་མཐོར་གཏོང་ཕྱོགས་དང་། དགེ་རྒན་རྣམ་པའི་ཆེད་ལས་ཡར་རྒྱས་གཏོང་ཕྱོགས་དང་དགེ་རྒན་ཕ་མའི་ཚོགས་ཆུང་ནས་སློབ་ཕྲུག་གི་ཤེས་ཡོན་ཐོག་ནུས་པ་མཉམ་སྤུངས་ཡོང་སླད་སློབ་གྲྭའི་འགན་འཛིན་གྱི་འགན་འཁུར་གནང་ཕྱོགས་དང་། གྲོས་གཞི་བཞི་པ།རང་རེའི་སྤྱི་ཚོགས་ནང་ལས་རིགས་སློབ་སྦྱོང་ལ་དམིགས་བསལ་ཤུགས་སྣོན་སྐྱོན་དགོས་པའི་གནད་དོན་གལ་ཆེ་ཡིན་པ་འདས་པའི་ཞིབ་འཇུག་གི་སྙན་ཐོའི་ནང་གསལ་བ་ལྟར། ལས་རིགས་སློབ་སྦྱོང་ཐད་སྤྱི་ཚོགས་ཀྱི་ལྟ་སྟངས་བསྒྱུར་བཅོས་གནང་ཕྱོགས་དང་དོ་དབྱིངས་སྐྲུན་ཐབས་བཅས་གྲོས་བསྡུར་གནང་ཡོད་པ་རེད།

ཉིན་གསུམ་པ། སྤྱི་ཟུར་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ལགས་ནས་བོད་ཀྱི་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་རྒྱུན་འཛིན་གནང་ཕྱོགས་སྐོར་གསུང་བཤད་གནང་པ་དང་། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་པ་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ནས་བོད་ཀྱི་བརྡ་སྤྲོད་ཀྱི་ངོས་འཛིན་དང་ཁྱབ་ཚད་དཀའ་གནད་སྐོར་གསུང་བཤད་གནང་རྗེས། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ནས་གཏན་ཉིན་སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་གི་རྩོམ་རིག་སྒྱུ་རྩལ་གོང་མཐོར་གཏོང་ཐབས་སྐོར་གསུང་གནང་ཡོད་པ་རེད། དེའི་རྗེས། དཔལ་ལྡན་བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་དགེ་རྒན་གྱི་ལས་གནས་ནི་ལས་ཚན་གཞན་ལས་ཁྱད་དུ་འཕགས་པ་དགོས་པའི་རྒྱུ་མཚན་དང་།དགེ་རྒན་གྱི་ཀུན་སྤྱོད་དང་འགན་ཁུར་གནང་ཕྱོགས་ཐོག་བཀའ་སློབ་གནང་ཡོད་པ་རེད།

དེ་ནས་ཚོགས་ཆེན་ཐོག་ཚོགས་ཆུང་ཁག་གི་དགོངས་འཆར་སྙན་སྒྲོན་ཞུས་དང་ཤེས་རིག་ཚོགས་ཆེན་བདུན་པའི་གྲོས་ཆོད་གཏན་འབེབས་གནང་བ་དང་། དེའི་རྗེས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་ནས་མཇུག་བསྡོམས་གསུང་བཤད་དང་ཤེས་རིག་དྲུང་འཕར་འཇིགས་མེད་རྣམ་རྒྱལ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་དངོས་སུ་གྲོལ་ཡོད་པ་རེད།

ཐེངས་འདིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་རྒྱ་བལ་གྱི་བོད་སློབ་ཁག་ནས་མཉམ་ཞུགས་གནང་མཁན། སམ་བྷོ་ཊ་སློབ་གྲྭའི་ཁྱབ་ཁོངས་ནས་དགེ་ལས་༨༨དང་བོད་ཁྱིམ་ཁྱབ་ཁོངས་དགེ་ལས་༧༨། མ་སུ་རི་བོད་ཁྱིམ་ནས་༢༨། དབུས་བོད་སློབ་འཛིན་ཚོགས་ནས་༡༤དང་བལ་ཡུལ་ནས་༢༠། དེ་བཞིན་སྒེར་གྱི་སློབ་གྲྭ་ཁག་ནས་མི་༥དང་།ཤེས་ཡོན་བསྟི་གནས་གཞན་ས་ར་མཐོ་སློབ་དང་ནོར་གླིང་། ཝ་ར་ན་སི། སྨན་རྩིས་ཁང་མཐོ་སློབ། ཏྭ་ལའི་བླ་མ་མཐོ་སློབ། བྷོན་ཌར་དགེ་འོས་མཐོ་སློབ། སེར་ར་དང་འབྲས་སྤུངས་བློ་གསལ་གླིང་བཅས་ནས་མི་༡༠། ཕྱི་རྒྱལ་ཁག་གི་གཟའ་མཇུག་སློབ་གྲྭ་སོགས་ནས་མི་༤བཅས་ཡོད་འདུག