22
Fri, Mar
40 New Articles

དབུ་མའི་སྙིང་པོའི་གསུང་ཆོས་མཇུག་ལེགས་པར་གྲུབ་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་ ༢ ཚེས་ ༢༢ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོའི་གསུང་ཆོས་མཇུག་ལེགས་པར་གྲུབ་སོང་།

དེ་ཡང་༧གོང་ས་མཆོག་གིས་ཐོག་མར་གསུང་དོན། དེ་ལྟར་བློ་གྲོས་ཟེར་གིས་སྣང་བ་གསལ་བྱས་པའི། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེད་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པངའ་ཡིན། །ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ །ཞེས་གསུངས་པས་སྟོང་ཉིད་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་འགོག་པ་མངོན་དུ་བྱ་ཚུལ་བསྟན་པའི་སྐོར་དང་། མི་ལུས་ཐོབ་ཅིང་སངས་རྒྱས་ཀྱི་ཆོས་དང་མཇལ་བའི་སྐབས་འདིར་པཱ་ལིའི་ཆོས་རྒྱུད་གཞི་ལ་བཞག་པའི་ལེགས་སྦྱར་གྱི་ཆོས་དང་མཇལ་བས་མི་ཚེ་དོན་དང་ལྡན་པ་ཞིག་བྱ་དགོས། མི་ཚེ་འདི་དོན་དང་ལྡན་པ་ཞིག་བྱེད་ཐུབ་ན། སྐྱེ་བ་ཕྱི་མ་ལ་ཡང་རེ་བ་ཡོད་པ་རེད་ཅེས་བཀའ་བསྩལ།

༸མགོན་པོ་གང་ཉིད་ཀྱིས་དགུང་ལོ་བཅུ་གསུམ་ཙམ་ནས་དུས་ད་ལྟའི་བར་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་ཐུགས་བཞེས་མཛད་པའི་མྱོང་བ་མངོན་སུམ་དུ་གསུངས་ཤིང་། ༸གང་ཉིད་ལ་ཐུགས་རྟོགས་སྟོང་པ་ཉིད་ཀྱི་ཐོག་བསམ་བྱུང་གི་མྱོང་བ་འཁྲུངས་ཡོད་ཅིང་། རིང་པོར་མ་ཐོགས་པར་སྒོམ་བྱུང་གི་མྱོང་བ་ཐོབ་ངེས་ཞེས་དང་། དེ་དག་ནི་༸མགོན་པོ་གང་ཉིད་ཀྱིས་སྐུ་ལས་བསྐྱོན་པ་ལས་བྱུང་ཞིང་། སློབ་འབངས་རྣམས་ཀྱིས་ཀྱང་དཀའ་ལས་རྒྱག་དགོས་པའི་སྐུལ་མ་མཛད།

སངས་རྒྱས་ཀྱི་ཆོས་ལ་གང་ཟག་དགོས་མཚན་དང་བསྟན་པ་སྤྱི་མཚན་གཉིས་སུ་ཕྱེ་ན་གསང་སྔགས་ཀྱི་ཆོས་འཁོར་རྣམས་གང་ཟག་དགོས་མཚན་དང་། དེའི་ཟབ་ཁྱད་ཐོན་པ་ལ་བསྟན་པ་སྤྱི་མཚན་ཐོས་བསམ་སྒོམ་གསུམ་བྱས་ནས་མྱོང་བ་ཐོན་དགོས་ཞེས་བསྩལ།

༸མགོན་པོ་གང་ཉིད་ཀྱིས་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གིས་དྲུང་ནས་དབུ་མ་འཇུག་པའི་རང་འགྲེལ་དང་། ཚད་མ་ཀུན་བཏུས། དབུ་མ་སྙིང་པོ་སོགས་ཀྱི་བཤད་ལུང་གསན་གནང་མཛད་ཡོད་པའི་སྐོར་ཡང་བཀའ་བསྩལཏེ་དེ་རིང་དབུ་མ་སྙིང་པོའི་བཀའ་ཆོས་ལེགས་པར་གྲུབ་སོང་།

བྱམས་པས་རྡ་ས་ནས།

 

གསལ་བསྒྲགས་ཀྱི་ས་མིག