23
Tue, Apr

༢༠༡༩ལོའི་ཟླ་༢ཚེས་༡༨ཉིན༸གོང་ས་མཆོག་གིས་བུད་མེད་ན་གཞོན་རུ་ཁག་( Young FICCI Ladies Organisation) གི་བུད་མེད་གྲངས་༧༥ མཇལ་འཕྲད་གནང་འདུག ༸རྒྱལ་བ་རིན་པོ་ཆེའི་དྲ་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༢ ཚེས་ ༡༨ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ལས་རིགས་འདྲ་མིན་ནས་ཡིན་པའི་བུད་མེད་ན་གཞོན་རུ་ཁག་( Young FICCI Ladies Organisation) གི་བུད་མེད་གྲངས་ ༧༥ མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ད་ཆ་དུས་རབས་ ༢༡ འདིའི་ནང་ང་ཚོས་བྱམས་བརྩེའི་ཉམས་ལེན་གོང་འཕེལ་གཏོང་ཕྱོགས་ཐད་དམིགས་བསལ་འབད་བརྩོན་བྱེད་དགོས། ལྷག་པར་ཤེས་ཡོན་གྱི་ལམ་ནས་བྱམས་བརྩེ་གོང་འཕེལ་གཏོང་ཕྱོགས་ཐད་བུད་མེད་ཚོས་འགན་ཆེ་ཙམ་འཁྱེར་དགོས། བུད་མེད་ཚོས་འགན་མང་ཙམ་འཁྱེར་དགོས་པ་ལས་ནང་ལ་འཛུལ་ནས་ཕྲུ་གུར་བལྟ་སྐྱོང་བྱས་ནས་སྡོད་རྒྱུ་མེད་ཅེས་བཀའ་སྩལ་འདུག

དེ་ཡང་༸གོང་ས་མཆོག་གིས་ང་ཚོ་དུས་རབས་ ༢༡ ནང་བསླེབས་ཡོད། ང་ཚོས་དུས་རབས་ ༢༠ ཕྱི་མིག་བལྟས་པ་ཡིན་ན། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་གཙོ་བོར་གྱུར་པའི་མི་གསོད་ཁྲག་སྦྱོར་དང་། འཚེ་བའི་ལས་འགུལ་ཤུགས་ཆེ་སྤེལ་བ་མ་ཟད། འགའ་ཤས་ཀྱིས་རྡུལ་ཕྲན་མཚོན་ཆ་ལ་བརྟེན་ནས་འཛམ་གླིང་དམག་ཆེན་གསུམ་པའང་ལང་སྲིད་པའི་ཉེན་ཁ་མཐོང་བ་དེ་འདྲ་བྱུང་བ་རེད། ལོ་རྒྱུས་སྨྲ་བ་འགའ་ཤས་ཀྱིས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་ཁྱོན་མི་གྲངས་ས་ཡ་གཉིས་བརྒྱ་རྐྱེན་ལམ་དུ་བཏང་སྐོར་བརྗོད་ཀྱི་ཡོད།

དེར་བརྟེན་དུས་རབས་ ༢༠ དེ་འཚེ་བའི་ལས་འགུལ་ཤུགས་ཆེ་སྤེལ་བའི་དུས་རབས་ཤིག་ཆགས་ཡོད། ད་ཆ་དུས་རབས་ ༢༡ འདི་བཞིན་འཚེ་མེད་ཞི་བ་དང་། བྱམས་བརྩེ་ལྡན་པའི་དུས་རབས་ཤིག་བཟོ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད། བྱམས་པ་དང་བརྩེ་བར་མཚོན་ན། གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་བློ་དེ་སྐྱེས་པ་ལས་བུད་མེད་ལ་ཤུགས་ཆེ་བ་ཡོད། དེ་ནི་ལུས་པོའི་གྲུབ་ཆའི་སྟེང་ནས་ཡོང་བ་ཞིག་ཡིན་པ་མ་ཟད། ཚན་རིག་པས་བརྟག་དཔྱད་བྱེད་སྐབས་དེ་ལྟར་ར་འཕྲོད་བྱུང་ཡོད། གནའ་རབས་ལོ་རྒྱུས་ཁྲོད་དཔའ་བོ་ཕལ་ཆེ་བ་སྐྱེས་པ་རེད། བུད་མེད་འགའ་རེ་ཡོང་ཆོག དཔའ་བོ་དེ་དག་དོན་དངོས་མི་གསོད་མཁན་རེད། ད་ཆ་དུས་རབས་ ༢༡ འདིའི་ནང་ང་ཚོས་བྱམས་བརྩེའི་ཉམས་ལེན་གོང་འཕེལ་གཏོང་ཕྱོགས་ཐད་དམིགས་བསལ་འབད་བརྩོན་བྱེད་དགོས། ལྷག་པར་ཤེས་ཡོན་གྱི་ལམ་ནས་བྱམས་བརྩེ་གོང་འཕེལ་གཏོང་ཕྱོགས་ཐད་བུད་མེད་ཚོས་འགན་ཆེ་ཙམ་འཁྱེར་དགོས། བུད་མེད་ཚོས་འགན་མང་ཙམ་འཁྱེར་དགོས་པ་ལས་ནང་ལ་འཛུལ་ནས་ཕྲུ་གུར་བལྟ་སྐྱོང་བྱས་ནས་སྡོད་རྒྱུ་མེད།

སྔ་མོ་ཐེངས་ཤིག་ཧྥརན་སི་གསར་འགོད་པ་ཞིག་གིས་འབྱུང་འགྱུར་ཏཱ་ལའི་བླ་མ་བུད་མེད་རྟེན་ཅན་དུ་འཁྲུངས་སྲིད་མིན་འདྲི་སྐབས། ངོས་ཀྱིས་བུད་མེད་རྟེན་ཅན་གྱི་ཏཱ་ལའི་བླ་མས་དེའི་ཚེ་དེའི་དུས་སེམས་ཅན་གྱི་འགྲོ་དོན་རྒྱ་ཆེ་བ་བྱེད་ཐུབ་ཚེ་ངེས་པར་དུ་བུད་མེད་ཏཱ་ལའི་བླ་མ་ཕེབས་ཆོག་པ་རེད། ཅེས་ལན་འདེབས་བྱས་པ་ཡིན། ལྷག་པར་བོད་པའི་ལོ་རྒྱུས་ནང་ལ་མཚོན་ན་ལོ་ངོ་བདུན་བརྒྱའི་གོང་བསམ་སྡིངས་རྡོ་རྗེ་ཕག་མོ་བྱོན་པ་རེད། དེའི་ཚེ་དེའི་དུས་བུད་མེད་ཀྱི་སྤྲུལ་སྐུ་རྩ་ཆེ་ཤོས་ཆགས་པ་རེད། སྟོན་པ་བཅོམ་ལྡན་འདས་རང་ཉིད་ནས་ཀྱང་དགེ་སློང་ཕ་མ་གཉིས་ལ་ཐོབ་ཐང་འདྲ་མཉམ་གནང་ཡོད། དགེ་སློང་མའི་སྡོམ་རྒྱུན་ལ་མཚོན་ན་ངོས་ལ་བྱ་ཐབས་གང་ཡང་མེད། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་འདུལ་བའི་སྡོམ་ཁྲིམས་ནང་གཏན་ལ་ཕབ་ཟིན་པ་དེ་ལྟར་ལག་བསྟར་བྱེད་དགོས་པ་རེད།

འོན་ཀྱང་ངོས་ཀྱིས་ལོ་ངོ་བཞི་བཅུ་ཙམ་གོང་བོད་པའི་བཙུན་མ་རྣམས་ལ་གཞུང་ཆེན་བལྟ་དགོས་པའི་འབོད་སྐུལ་བྱས་འབྲས་སུ་ལོ་ངོ་གཉིས་ཙམ་གོང་བཙུན་མའི་ཁྲོད་སློབ་གཉེར་རྩེ་ཕུད་ཐོན་ཐུབ་པ་བྱུང་ཡོད། དེར་བརྟེན་ཤེས་ཡོན་ཐོག་ལ་མཚོན་ན་ད་ཆ་དགེ་འདུན་པ་ཚོ་སླེབ་སར་བཙུན་མ་ཚོ་འདྲ་མཉམ་བསླེབས་ཐུབ་པ་བྱུང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་འདུག།