20
Sat, Apr

༢༠༡༩ལོའི་ཟླ༡ཚེས་༢༥ཉིན་བོད་ཀྱི་བསྟན་བླངས་ཆུ་སྒང་བཙུགས་ནས་ལོ་ངོ་༦༠འཁོར་བའི་ཚོགས་འདུ་ཐོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ༡ཚེས་༢༥ཉིན། ལྡི་ལི་བསམ་ཡུལ་གླིང་དུ་ཡོད་པའི་བོད་ཀྱི་བསྟན་བླངས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཤེས་ཡོན་སྡེ་ཚན་གྱིས་གོ་སྒྲིག་འོག་མདོ་ཁམས་ཆུ་བཞི་སྒང་དྲུག་དང་འབྲེལ་བའི་ལོ་ངོ་༦༠་རིང་གི་བྱུང་རབས་གླེང་བ་ཞེས་པའི་བརྗོད་གཞི་ཐོག་མཁས་དབང་གདན་འདྲེན་ཞུ་ནས་མཐོ་རིམ་སློབ་མ་གཙོ་པའི་མི་མང་ལ་གསུང་བཤད་དང་བགྲོ་གླེང་གནང་སོང་།

དེ་ཡང་ཚོགས་འདུ་དེའི་ཐོག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་སྤྱི་ཟུར་གྲྭའ་དཔོན་རིན་ཆེན་ཚེ་རིང་ལགས། སློབ་དཔོན་བེ་རི་འཇིགས་མེད་དབང་རྒྱལ་ལགས་དང་རྒྱ་གར་གསར་འགོད་པ་གྲགས་ཅན་ཝི་ཇེད་ཀྭ་རན་ལགས། གཞན་སྤྱི་འཐུས་དང་མཐོ་རིམ་སློབ་མ། དེ་བཞིན་ས་གནས་ཁག་གི་འགོ་འཛིན་དང་མི་མང་བཅས་ཁྱོན་མི་གྲངས་༧༠་ཡས་མས་ཤིག་ཕེབས་འདུག

ཚོགས་འདུའི་ཐོག་མར་རྒྱ་གར་གསར་འགོད་པ་གྲགས་ཅན་ཝི་ཇེད་ཀྭ་རན་ལགས་ཀྱིས་དེ་སྔོན་བོད་མདོ་དབུས་ཁམས་གསུམ་དུ་ཕེབས་ནས་བོད་ནང་རྒྱ་གཞུང་གིས་ཡར་རྒྱས་བཏང་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད་པ་ནི་རྫུན་གཏམ་ཞིག་ཡིན་པ་འདྲ་པར་ཁག་ནས་འགྲེལ་བརྗོད་གནང་སོང་།

དེ་རྗེས་སྤྱི་ཟུར་གྲྭའ་དཔོན་རིན་ཆེན་ཚེ་རིང་ལགས་ཀྱིས་བོད་བསྟན་སྲུང་དམག་གིས་བྱུང་རབས་དང་རྒྱ་དམག་ལ་ཕར་རྒོལ་བྱས་ནས་༸གོང་ས་མཆོག་རྒྱ་གར་དུ་གདན་འདྲེན་ཞུས་ཡོད་པ་སོགས་ཀྱི་ཐོག་ལ་གསུང་བཤད་གནང་སོང་། ཁོང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཕྱི་ལོ་༡༩༥༨་ཟླ་༦་ཚེས་༡༦་ཉིན་དཔའ་བོའི་ཁྱུ་མཆོག་ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་བོད་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་གསར་འཛུགས་གནང་སྐོར་དང་། ལྷོ་ཁ་ས་ཆ་དེ་ཡར་རྒྱ་གར་དང་བོད་སོགས་ཀྱི་གལ་ཆེ་བའི་གནས་ཤིག་ཆགས་ཡོད་ཚུལ། དེ་བཞིན་ལྷ་ས་ནས་ལྷོ་ཁ་བར་རྒྱ་དམག་གཙང་བཟོ་བྱས་ཡོད་པ་དང་དེའི་བར་བོད་དམག་མང་པོ་སྲོག་ཤོར་ཡོད་པར་གསུངས། དེ་ནས་༸གོང་ས་མཆོག་ལྷོ་ཁ་དུ་གདན་འདྲེན་ཞུ་ཐུབ་ཡོད། ཨ་རི་རྒྱུད་ནས་རྒྱ་གར་གཞུང་ལ་༸གོང་ས་མཆོག་རྒྱ་གར་དུ་ཕེབས་ཆོག་པའི་ཆོག་མཆན་ཞུས་ཡོད་པ་དང་། དེ་ནས་རྒྱ་གར་གྱི་ཆོག་མཆན་ཐོབ་རྗེས་རྒྱ་གར་དུ་ཕེབས། དེ་རྗེས་ཨ་རི་ནང་བོད་དམག་སྦྱོང་བརྡར་བཏང་སྟེ་མུ་མཐུད་ནས་རྒྱ་དམག་ཕར་རྒོལ་བྱས་པ་སོགས་ཀྱི་ཐོག་ལ་གསུངས་སོང་།

ཉིན་གུང་རྗེས། སློབ་དཔོན་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་འཛམ་གླིང་གི་བྱུང་རབས་མདོར་བསྡུས་དང་བོད་ཀྱི་བྱུང་རབས་དང་ལོ་རྒྱུས། དེ་བཞིན་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་གལ་ཆེན་རང་བཞིན་གྱི་སྐོར། བོད་མིའི་ངོ་བོ་མཚོན་པའི་བོད་སྐད་དང་བོད་ཡིག་ཤེས་དགོས་པ། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཁ་ཁ་དབྱེ་དགོས་པ་དང་། ལྷག་པར་དུ། བོད་པའི་ད་ལྟའི་གནས་སྟངས་ལ་ཆ་བཞག་ན་འཇིག་རྟེན་མི་ཆོས་ལ་དོ་སྣང་མང་ཙམ་བྱེད་དགོས་སྐོར་སོགས་གསུངས་སོང་།

དེ་རྗེས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་འོས་བསྡུ་དང་ད་ལྟའི་གནས་སྟངས་ཐོག་གསུང་བཤད་གནང་། ཁོང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཕྱི་ལོ་༡༩༥༨་ཟླ་༦་ཚེས་༡༦་ཉིན་དཔའ་བོའི་ཁྱུ་མཆོག་ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་བོད་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་གསར་འཛུགས་གནང་སྐོར་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཞེས་པ་འདི་རྒྱ་གར་ནང་སླེབས་ཚར་རྗེས། ཕྱི་ལོ་༡༩༩༢་ལོར་རྒྱ་གར་གཞུང་ལ་མདོ་ཁམས་ཆུ་སྒང་བདེ་དོན་ཚོགས་པ་ཞེས་པར་ཁྲིམས་མཐུན་དེབ་སྐྱེལ་བྱས་པ་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་འོས་བསྡུ་ཇི་ལྟར་བྱུང་ཚུལ་སོགས་ཀྱི་ཐོག་ལ་གསུང་བཤད་གནང་སོང་།

གཏམ་བཤད་པ་ཚོའི་གཏམ་བཤད་རེ་རེའི་རྗེས་སུ། དྲི་བ་དྲིས་ལན་དང་དོགས་འདྲི་སོགས་ཀྱི་ལས་རིམ་ཡོད་པ་བཞིན་གནང་སོང་བ་དང་། མཐའ་མ་དེར། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གླིང་ཚང་ཚེ་རྡོར་མཆོག་གིས་ཚོགས་བཅར་བ་རྣམས་ལ་བཀའ་སློབ་ལམ་སྟོན་དང་། ཤེས་ཡོན་སྡེ་ཚན་གྱི་ཚོགས་མི་དབུས་རྒྱུན་ཟླ་བ་སྒྲོལ་མ་ལགས་ཀྱིས་ཐུགས་རྗེ་ཆེའི་ཞུ་གསུང་བཤད་གནང་ནས་ཚོགས་འདུ་ལེགས་གྲུབ་ངང་གྲོལ་སོང་།