16
Tue, Jul

༢༠༡༩ལོའི་ཟླ༡ཚེས་༡༥ཉིན། བོད་ཀྱི་གནད་དོན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཞེས་པའི་ཟབ་སྦྱོང་འགོ་འཛུགས་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

རྒྱ་ནག་གིས་ཕྱོགས་ཞེན་གྱི་གནས་ཚུལ་དང་གནས་ཚུལ་རྫུན་མ་བཤད་བསྡད་ཀྱི་ཡོད་རེད། བོད་ཀྱི་དངོས་ཡོད་གནས་ཚུལ་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་བཞག་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད། གནས་ཚུལ་དེ་དག་བཞག་ཐུབ་པར་བརྟེན་ནས་བོད་དོན་ཐོག་གླེང་སློང་བྱས་པ་རེད། དེར་བརྟེན། བོད་དོན་རྒྱལ་སྤྱིའི་ཐོག་གླེང་སློག་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་དྭགས་པོ་བསོད་ནམ་ནོར་བུ་ལགས་ཀྱི་གསུངས་སོང་།

དེ་ཡང་༢༠༡༩ལོའི་ཟླ༡ཚེས་༡༥ཉིན། བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་ཇི་ནེ་ཝ་བོད་ཀྱི་སྐུ་ཚབ་དོན་གཅོད་གཉིས་ཀྱིས་གོ་སྒྲིག་འོག་བོད་ཀྱི་གནད་དོན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཞེས་པའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་། ཚོགས་བཅར་བ་ནི་ཕྱི་འབྲེལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚན་པ། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་། གཞན་ཡང་བུད་མེད་ལྷན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ཀྱི་འཐུས་མིའང་ཕེབས་འདུག

ཟབ་སྦྱོང་དེའི་དུས་ཡུན་ནི་ཉིན་གསུམ་ཡིན་ཞིང་། བོད་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་གླེང་སློང་བྱ་རྒྱུ་ཡིན་འདུག དེའི་ཐོག་སུད་སི་དང་ཨ་རི་སོགས་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། ཁོར་ཡུག་སོགས་ཀྱི་ཆེད་མཁས་པ་ཡང་གདན་འདྲེན་ཞུས་འདུག སུད་སི་ནས་ཡིན་པའི་ཨ་ཌི་རན་ཁུ་ལོ་ཌི་རྫོ་ལར་(Adrien-Claude Zoller)ལགས་དང་། མྰ་གྷོ་རེ་ཊི་ཁོན་ཊ་ཊི་(Marguerite Contat)ལགས། ཡོ་ཝི་སི་ལྰ་རྡོར་(Yves Lador)ལགས། དེ་བཞིན་ཨ་རི་ནས་ཡིན་པའི་ལྗོ་ཤོ་ཁོ་པར་(Joshua Cooper)ལགས་བཅས་རེད་འདུག

ཟབ་སྦྱོང་དེ་དང་འབྲེལ་བའི་སྐོར་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་དྭགས་པོ་བསོད་ནམ་ནོར་བུ་ལགས་ཀྱིས་གསུངས་དོན། བོད་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་བཅར་བ་རྣམས་ཕེབས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་ནང་ཁོར་ཡུག་ཐོག་ཧ་ཅང་དཀའ་ངལ་ཆེན་པོ་འཕྲད་བསྡད་ཡོད་པ་དེར་ང་ཚོ་ཚང་མས་ཡག་པོ་ཤེས་ཐུབ་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་ནང་ཁོར་ཡུག་ཐོག་གླེང་སློང་ཡག་པོ་བྱེད་ཐུབ་རྒྱུ། སུ་ལ་འབྲེལ་བ་བྱེད་དགོས་པ་སོགས་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དེར་བརྟེན། ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོའང་དེ་ཆགས་ཡོད་ཅེས་བརྗོད་སོང་།

དེ་ནས་ཁོང་གིས་བོད་ཀྱི་ཁོར་ཡུག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁག་གི་འབྲེལ་བ་ག་འདྲ་ཆགས་ཡོད་མེད་སྐོར་ནས་གསུང་དོན། བོད་ཀྱི་ཁོར་ཡུག་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་འབྲེལ་བ་ཤུགས་ཆེན་པོ་ཆགས་ཡོད་རེད། དཔེར་ན། དེ་སྔོན་ལོ་ཁ་ཤས་ལ་ཡོ་རོབ་ནང་ཚ་བ་ཤུགས་ཆེན་པོ་བྱུང་གི་ཡོད་པ། དེ་བོད་ཀྱི་ཁོར་ཡུག་དང་འབྲེལ་བ་ཡོད་པ་རེད། ཨོ་སུ་ཁྲི་ལི་ཡའི་གནམ་གཤིས་འགྱུར་ལྡོག་དེའང་བོད་ཀྱི་ཁོར་ཡུག་ལ་འགྱུར་བ་ཕྱིན་པར་བརྟེན་ནས་བྱུང་བ་རེད་ཅེས་མཁས་པ་མང་པོས་གསུངས་ཡོད་རེད།དེ་དངོས་ཡོད་ཡིན་མིན་ལ།དེར་ཞིབ་འཇུག གཏིང་ཟབ་པོ་དང་ཉམས་ཞིབ་བྱས་ནས་བཤད་ཐུབ་ཀྱི་རེད། དེར་བརྟེན། བོད་ཀྱི་ཁོར་ཡུག་དང་གནམ་གཤིས་ལ་འགྱུར་ལྡོག་ཕྱིན་པ་དེ་ནི། ཨེ་ཤེ་ཡ་གཅིག་པོར་གནམ་གཤིས་འགྱུར་བ་ཕྱིན་པ་མིན་པར། རྒྱལ་སྤྱིའི་ཐོག་གནམ་གཤིས་འགྱུར་བ་འགྲོ་བཞིན་ཡོད། དཔེར་ན། གོ་ལ་སྤྱིའི་ཚ་དྲོད་འཕེལ་བ་ལྟ་བུ་རེད། བོད་ནང་ཁོར་ཡུག་གནས་ཚུལ་ཆུང་ཆུང་ཞིག་ལ་མཐོང་ཆུང་དང་གནོད་སྐྱེལ་པ་ཡིན་ན། འཛམ་གླིང་ལ་གནོད་པ་ཡོང་གི་ཡོད། བོད་ནི་ཆུ་བོ་ཆེན་པོ་འབྱུང་ཁུངས་ཡིན་བཅས་གསུངས་སོང་།

དེ་ནས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་རྒྱལ་སྤྱིའི་ཐོག་ལ་གླེང་སློང་བྱས་ཡོད་པའི་སྐོར་ནས་འདི་ལྟར་གསུང་དོན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་རྒྱལ་སྤྱིའི་ཐོག་དང་མཉམ་འབྲེལ་རྒྱལ་ཚོགས་ནང་ལོ་རྟག་པར་གླེང་སློང་བྱེད་བཞིན་པ་རེད། ལྷག་པ་དུ། ༢༠༡༨ལོ་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་དཔྱད་ཞིབ་བྱེད་པའི་ལོ་ཆགས་བསྡད་ཡོད་ཙང་། རྒྱལ་ཁབ་༢༢་ལྷག་གིས་བོད་དང་འབྲེལ་བའི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་ཀྱི་ཐོག་གླེང་མོལ་བྱས་ཡོད་པ་དང་། ལྷག་པ་དུ། བོད་ཀྱི་དཀའ་ངལ་དེ་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱེད་དགོས་རེད་ཅེས་བཤད་ཡོད་རེད། དེ་གལ་ཆེན་པོ་རེད།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ནང་གི་ཁོར་ཡུག་གནས་སྟངས་དེ་རྒྱལ་སྤྱིའི་ནང་གླེང་སློང་བྱེད་དགོས་པ་གལ་ཆེན་པོ་རེད། རྒྱལ་སྤྱིའི་སྡིངས་ཆ་དེར་རྒྱལ་ཁབ་དེ་ཚོའི་འཐུས་མི་ཡོད་པ་དང་།གཞུང་འབྲེལ་དང་གཞུང་ཚབ་དེ་ཚོར་འབྲེལ་བ་བྱེད་པ། དུས་རྟག་ཏུ། བོད་ཀྱི་གླེང་སྟེགས་ཞེས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཞན་པོ་ཡོད་པ་དེ། གླེང་སློང་བྱས་ནས་རྒྱལ་སྤྱིའི་སྡིངས་ཆ་ཐོག་ཏུ་བཞག་ཐུབ་པ་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ནས་མི་མང་ཚང་མས་དོ་སྣང་སླེབས་རྒྱུ་དང་། བོད་ཀྱི་གནས་ཚུལ་དེ་ཚོ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་མ་བཞག་ན། རྒྱ་ནག་གིས་ཕྱོགས་ཞེན་གྱི་གནས་ཚུལ་དང་གནས་ཚུལ་རྫུན་མ་བཤད་བསྡད་ཀྱི་ཡོད་རེད། དངོས་ཡོད་གནས་ཚུལ་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་འཇོག་ཐུབ་རྒྱུ་དེ་གལ་ཆེན་པོ་རེད། དངོས་ཡོད་གནས་ཚུལ་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བཞག་ཐུབ་པར་བརྟེན་ནས་བོད་དོན་ཐོག་གླེང་སློང་བྱས་པ་རེད། དེར་བརྟེན། བོད་དོན་རྒྱལ་སྤྱིའི་ཐོག་གླེང་སློང་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

གསལ་བསྒྲགས་ཀྱི་ས་མིག