16
Tue, Apr

ཨོ་གླིང་གནས་མཁར་གསར་ནས་ཞི་བདེ་གཟེངས་རྟགས་ཉིན་མོ་སྲུང་བརྩི།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༤ དགོང་དྲོར། ཨོ་གླིང་རྒྱལ་ཁབ་ཀྱི་གནས་མཁར་གསར་(Newcastle)ས་གནས་ཀྱི་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག ༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༩ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལས་ཐོག་རྒྱ་རིགས་ཐར་ལགས་དང་གནས་མཁར་གསར་ས་གནས་རིག་པ་ཆོས་ཚོགས་ཀྱི་འགན་འཛིན་ལྕམ་སུའུ་(Sue)གཙོས་བོད་མི་བརྒྱ་ལྷག་འདུ་འཛོམས་བྱུང་ཞིང་། སློབ་གྲྭ་དང་མི་མང་གི་ངོས་ནས་གཞས་སྣ་འཁྲབ་སྟོན་གྱི་མཛད་སྒོ་རྒྱ་ཆེན་ཞིག་གནང་སོང་།

དེ་ཡང་། གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་པདྨ་ཚ་ེརིང་ལགས་ཀྱིས་“༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༩ འཁོར་བའི་དུས་དྲན་སྲུང་བརྩིར་ཕེབས་མཁན་ཚང་མར་ཐུགས་རྗེ་ཆེ་དང་། སྤྱི་ཡོངས་ཀྱི་ཆ་ནས་ང་ཚོའི་ས་གནས་འདིར་སྡོད་པའི་བོད་རིགས་ཚང་མ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་གནས་པར་བསྔགས་བརྗོད་ཡོད་ལ། མ་འོངས་པར་ཡང་འདི་ལྟར་གནས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོའི་གནས་མཁར་གསར་གྱི་བོད་ཡིག་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་དང་བླངས་སྒོས་ལོ་ངོ་དུ་མར་སློབ་ཁྲིད་གནང་བར་ཐུགས་རྗེས་ལགས་འབུལ་རེ་ཡོད་པ”བཅས་གསུངས་སོང་།

དེའི་རྗེས་བོད་མི་མང་སྤྱི་འཐུས་ལས་ཐོག་རྒྱ་རིགས་ཐར་ལགས་ཀྱིས་”དེ་རིང་གི་ཉི་མ་འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་གྲགས་དང་ཁོང་གི་གཟི་བརྗིད་ལ། ང་ཚོས་གོང་བཀུར་དང་རྗེས་སུ་ཡི་རངས། ༧གོང་ས་མཆོག་དྲན་གྱི་ཡོད་པའི་ཉིན་མོ་ཞིག་རེད། ད་ལྟ་༧གོང་ས་མཆོག་དགུང་ལོ་ ༨༤ ལ་ཕེབས་ཡོད་ཅིང་། བོད་ཀྱི་རྩ་དོན་ནམ་བོད་ཀྱི་བདེན་པའི་མཐའ་གསལ་བོར་ཆགས་ཏེ་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་དགོས་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་བྲལ་ཐབས་མེད་ལ། ངོ་བོ་དབྱེར་མེད་ཀྱི་འབྲེལ་བ་ཆགས་ཡོད་པ་ཞིག་རེད། ”ཅེས་དང་། གཞན་ཡང་”བོད་མི་བརྒྱ་ལྷག་ཡོད་པའི་གནས་མཁར་གསར་གྱི་ས་ཆ་འདིར་ཡོད་པའི་ང་ཚོར་མཚོན་ན། བོད་ལུང་པ་ནས་དཔའ་ཁས་ལེན་བྱས་ཏེ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་པ་སེལ་ཆེད། ཕ་མ་སྤུན་ཟླ་ཤུལ་བཞག་གིས་ཤར་ཁུམ་པོའི་རི་རྫོབ་རྐང་པས་འཇལ་ནས་རྒྱ་གར་ལ་བཙན་བྱོལ་བྱས་ཤིང་། ལྷག་པར་དུ་ཨོ་གླིང་འདིར་ཡོད་པའི་བོད་མི་མང་ཤོས་ཆབ་སྲིད་བཙོན་པ་རེད་ལ། ང་ཚོས་སོ་སོའི་མི་ཚེ་ལ་རིན་ཐང་ག་ཚོད་ཅིག་བཞག་ཡོད་མེད་དང་དམ་བཅའ་ག་ཚོད་ཡོད་མེད་ནི་མ་བརླགས་པར་སེམས་སུ་ཉར་ཞིང་། བོད་མིའི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་གནས་མཁར་གསར་ས་གནས་འདི་ནི་ཨོ་གླིང་རྒྱལ་ཡོངས་ཀྱི་བོད་མི་ཡོད་ཏོ་ཅོག་གིས་མིག་དཔེར་བལྟ་ས་ཞིག་བྱེད་པར་ཧ་ཅང་གིས་གལ་ཆེན་པོ་རེད”ཅེས་བཀའ་སློབ་ལམ་སྟོན་གནང་སོང་།

མཐར་དགོང་དྲོའི་ཞལ་ལག་གསོལ་ཞོར་གཞས་དང་ཞབས་བྲོ་སྣ་ཚོགས་གོ་རིམ་བཞིན་འཁྲབ་ཞིང་། མི་མང་མཉམ་འཛོམས་ཀྱིས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྐོར་བྲོ་དང་དེང་རབས་ཞབས་བྲོའི་འཕར་མཆོངས་སོགས་ཀྱིས་དུས་དྲན་སྲུང་བརྩིའི་མཛད་སྒོར་གྲ་རྒྱས་པོའོ་ངང་མཇུག་གྲུབ་པ་བཅས།

ཁྲོ་གཏུམ་གྱིས་ཡུལ་དངོས་ནས་བྲིས།