20
Sat, Jul

༢༠༡༨ལོའི་ཟླ༡༢ཚེས་༥་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལྷ་བབས་ཀྱི་གནས་སུ།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༨ ཟླ་ ༡༢ ཚེས་ ༦ཉིན་སྤེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལྷ་བབས་ཀྱི་གནས་སུ་ཁྱོན་ཉིན་གྲངས་བཞིའི་རིང་དུ། རྒྱ་གར་གཙོ་བོར་གྱུར་བའི་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ། འཚེ་མེད་ཞི་བ་དང་སྙིང་རྗེའི་སྐོར་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་བཀའ་སློབ་དང་གསུང་ཆོས་གནང་འདུག།

དེ་ཡང་། ལོ་འདིའི་ཟླ ༡༢་ཚེས་༢ཉིན། རྒྱ་གར་གཞོན་ནུ་ནང་ཆོས་ཚོགས་པས་སྔོན་ནས་ཇི་ལྟར་གསོལ་འདེབས་ཞུས་པར་ལྟར། ༸མགོན་པོ་གང་ཉིད་བཞུགས་སྒར་རྡ་ས་ནས་རྒྱ་གར་བྱང་ཕྱོགས་ལྷ་བབས་ཀྱི་ཡུལ་ཞེས་པའི་ནང་པའི་གནས་ཆེན་དུ་༸ཞབས་སོར་བདེ་བར་འཁོད་དེ། རྒྱ་གར་གཞོན་ནུ་ནང་ཆོས་ཚོགས་པའི་དང་བླངས་ལས་བྱེད་རྣམས་ལ་དམིགས་བསལ་མཇལ་ཁ་གནང་སྟེ། འཚེ་མེད་ཞི་བ་དང་སྙིང་རྗེའི་སྐོར་ནས་འདི་ལྟར་བཀའ་བསྩལ་དོན། འཛམ་གླིང་འདིའི་སྟེང་ལོ་སྟོང་ཕྲག་ལྷག་རིང་མི་གསོད་རེས་དང་འཁྲུག་པ་བརྒྱབ་པ་ག་ཚོད་བྱུང་འདུག དེར་བརྟེན་འཕགས་པའི་ཡུལ་འདིར་ལོ་སྟོང་ཕྲག་ལྷག་རིང་འཚེ་བ་མེད་པར་གནས་པ་རེད། Ahimsa ཞེས་པ་ནི་འཚེ་བ་མེད་པའི་སྤྱོད་པ་རེད། འཚེ་བ་མེད་པའི་སྤྱོད་པ་ཡོང་བའི་རྩ་བ་ནི་སྙིང་རྗེར་ཐུག་ཡོད། དངོས་འབྲེལ་འཚེ་བ་མེད་པའི་སྤྱོད་པ་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུར་སྙིང་རྗེ་ཧ་ཅང་རྩ་ཆེན་པོ་རེད། སེམས་ནང་ཁོང་ཁྲོ་ཧ་ཅང་ལངས་བ་ཡིན་ན་འཚེ་བ་མེད་པ་ཡོང་བ་འདུག་གམ། ང་ཚོས་འཚེ་བ་མེད་པའི་སྤྱོད་པ་ཞེས་བརྗོད་བཞིན་པ་འདི་འཛམ་གླིང་ནང་དགོས་མཁོ་ཡོད་པ་ཞིག་རེད་འདུག ཆོས་ཡོད་ནའང་རེད། ཆོས་མེད་ནའང་རེད། མི་སུ་ཡིན་རུང་སོ་སོའི་སྲོག་དེ་རྩ་ཆེན་པོར་རྩི་གི་རེད། དེར་བརྟེན། འཚེ་བ་མེད་པ་ཟེར་རྒྱུ་འདི་གཞན་གྱི་སྲོག་ལ་གུས་བརྩི་བྱས་ནས་འཚེ་བ་མེད་པ་ཡོང་དགོས། ཞེས་བཀའ་སློབ་གནང་འདུག

དེ་ནས། ཚེས་༣ཉིན། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་ཀྱི་དབུ་འཛུགས་གནང་ཞིང་། སྐབས་དེར། མགོན་པོ་གང་ཉིད་ཀྱིས་ཐོག་མར་ཆོས་ཞུ་བ་རྣམས་འཚམས་འདྲི་དང་གོ་སྒྲིག་གནང་མཁན་ཚོར་ཐུགས་རྗེ་ཞུས་རྗེས། ནང་ཆོས་ངོ་སྤྲོད་ཀྱི་གནང་མགོ་བརྩམས། དེ་ཡང་ཁོང་གིས་ཕྱིའི་དངོས་པོའི་མཐུན་རྐྱེན་འཛོམས་ནའང་སེམས་མ་སྐྱིད་པ་དང་། དེང་གི་དུས་འདིར་ཡང་ཆོས་ཀྱིས་ཕན་ཐོགས་ཐུབ་པའི་སྐོར་ནས་འདི་ལྟར་གསུང་དོན། ད་ཆ་དུས་རབས་ ༢༡ ནང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་མཐུན་རྐྱེན་གང་ཅིའི་ཐད་ལོ་རེ་བཞིན་ཧ་ཅང་བཟང་ཏུ་འགྲོ་བཞིན་པའི་དུས་སུ། ཆོས་ཞེས་ལོ་ ༢༠༠༠ནས་༣༠༠༠ རིང་ནས་བྱུང་བ་དེ་དེང་སྐབས་འབྲེལ་བ་འདུག་གམ་མི་འདུག དགོས་མཁོ་འདུག་གམ་མི་འདུག ཅེས་པ་འདི་ང་ཚོ་ལ་དྲི་བ་དང་པོ་དེ་རེད། འཛམ་གླིང་འདིའི་ནང་མི་དུང་ཕྱུར་༧༠་ཙམ་ཡོད་པ་དེ་དག་གི་གནས་སྟངས་ལ་བལྟས་པ་ཡིན་ན། ཕྱིའི་དངོས་པོ་ཡར་རྒྱས་ཧ་ཅང་ཚད་མཐོ་པོ་སླེབས་ཡོད་རེད། ལུང་པ་ཡར་རྒྱས་མ་ཕྱིན་པ་ཚོའང་དངོས་པོ་ཡར་རྒྱས་འགྲོ་རྒྱུར་འབད་བརྩོན་ཡོད་དགུ་རྩལ་སྤྲུག་བྱས་ནས་འགྲོ་བཞིན་ཡོད། འོན་ཀྱང་ཡར་རྒྱས་ཚད་མཐོ་བོ་སླེབས་པའི་ལུང་པ་ཚོའི་གནས་སྟངས་ལ་བལྟས་པ་ཡིན་ན། སེམས་མ་སྐྱིད་པ་དང་། ཆགས་སྡང་སོགས་ཀྱི་རྐྱེན་པས་སྤྱི་ཚོགས་ནང་མི་མང་པོ་ཞིག་སེམས་འཁྲུག་བཞིན་པའི་གནས་ཚུལ་འདུག ཅེས་གསུངས་ཤིང་།

ཡང་ཁོང་གིས་དུས་རབས་རྙིང་པའི་བག་ཆགས་རྙིང་པ་རྣམས་དོར་དགོས་པའི་ཐད་ནས་ཀྱང་འདི་ལྟར་གསུང་དོན། དུས་རབས་ ༢༠ ཐམ་པའི་བག་ཆགས་རྙིང་པ་ད་ལྟའང་ཁྱེར་ནས་ཕྲན་བུ་བློ་མི་མཐུན་པ་བྱུང་བ་ཡིན་ན། ལམ་སང་འཁྲུག་པ་རྒྱག་པ། ད་ཆ་དུས་རབས་ ༢༡ ནང་སླེབས་ཡོད། དེ་སྔ་དུས་རབས་ ༢༠ ནང་གོ་མཚོན་ཧ་ཅང་བེད་སྤྱོད་བྱས་ཡོད། རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་པ་རེད། ད་དུང་ཡིན་ནའང་དུས་རབས་ ༢༡ ནང་གོ་མཚོན་འཚོང་བ་དང་། དེ་བཞིན་རྡུལ་ཕྲན་མཚོན་ཆར་ཤུགས་རྒྱག་རྒྱུ་ལྟ་བུ་མང་པོ་ཞིག་ཡོང་བཞིན་འདུག ད་ལྟའི་བྱེད་སྟངས་ནང་བཞིན་ཕྱིན་པ་ཡིན་ན། དུས་རབས་ ༢༡ འདི་བཞིན་དུས་རབས་ ༢༠ ནང་བཞིན་གསོད་རེས་གཏོང་རྒྱུ་དང་། དབང་ཡོད་བཤད་རྒྱུ་དེ་འདྲ་ཡོང་རྒྱུའི་ཉེན་ཁ་འདུག ཅེས་གསུངས།

བྱམས་བརྩེ་ནི་ཞི་བདེའི་རྩ་བ་ཡིན་པའི་ཐད་ནས་ཀྱང་འདི་ལྟར་གསུང་དོན། མིའི་ན་ཚོད་ཡར་ལོངས་ཡོང་དུས་ཇི་ཙམ་སེམས་ལ་བྱམས་བརྩེ་ཡོད་ན། ཁོར་ཡུག་དེ་ཞི་བདེ་ཡོང་ཐུབ་པ་ཞིག་དང་། དེའི་རྐྱེན་པས་བྱམས་བརྩེ་ཡོད་མཁན་གྱི་མི་རང་ཉིད་སེམས་སྐྱིད་པ་དང་བག་ཕེབས་པ་ཞིག་ཡོང་ཐུབ། སེམས་འཁྲུག་སྡོད་མཁན་ཞིག་ཡིན་ན། ཁོང་ཁྲོ་ཡང་ཡང་ལངས་ནས་ཕྱིན་པ་ཡིན་ན་ང་ཚོའི་ལུས་ཟུངས་མ་ལག་ཉམས་རྒུད་འགྲོ་གི་རེད། ཅེས་གསུངས།

གཞན་ཡང་། བྱམས་བརྩེ་ནི་མིའི་ཆོས་ཡིན་པ་དང་། དེ་ནི་ཆོས་ཁས་ལེན་མཁན་དང་མི་ལེན་མཁན། ཡང་ན་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་སུ་ཡིན་ཡང་། བྱམས་བརྩེ་དང་བྲལ་ཐབས་མེད་སྟབས། བྱམས་བརྩེ་ནི་མི་ཀུན་ལ་ཁྱབ་ཐུབ་པའི་ཆོས་དེ་ཡིན་པའི་སྐོར་ཡང་ཞིབ་མོར་གསུངས་འདུག

དེ་ནས། ཚེས་༤ཉིན། མགོན་པོ་གང་ཉིད་ཀྱིས་སྤྱོད་འཇུག་གི་གསུང་ཆོས་མ་གནང་གོང་དུ་སངས་རྒྱས་ཆོས་ཀྱི་གནད་འགག་དེ་ནི་རང་སེམས་རང་གིས་འདུལ་དགོས་ཚུལ་དང་རང་ཉིད་རང་གི་མགོན་ཡིན་ཚུལ་གྱི་སྐོར་ནས་འདི་ལྟར་བཀའ་བསྩལ་དོན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་འདི་བདག་ཉིད་བདག་གི་མགོན་གསུང་གི་ཡོད་རེད། སོ་སོའི་བདེ་སྡུག་འདི་སོ་སོ་རང་ལ་རག་ལུས་ཡོད། དེ་ཡང་སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་གཙོ་བོ་སེམས་འདུལ་དགོས་པ་རེད། སེམས་རྒྱུད་དུལ་ལུགས་ལ་རིམ་པ་མི་འདྲ་བ་མང་པོ་ཞིག་ཡོང་གི་རེད། གང་ལྟར། མདོ་དོན་སྙིང་པོ་ནི་སེམས་ཞི་བདེ་ཡོད་མཁན་ཞི་ཞིང་དུལ་བ་ཞིག་དགོས། འཚེ་བ་ཟེར་རྒྱུ་འདི་སེམས་མ་དུལ་བའི་དབང་གིས་འཚེ་བ་ཡོང་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། སེམས་ཞི་དུལ་ཡོད་ན་འཚེ་བ་ཡོང་གི་མ་རེད། དེར་བརྟེན་རང་གི་སེམས་ནི་ཡོངས་སུ་འདུལ་ཞེས་གསུང་པ་རེད། སེམས་རྒྱུད་དུལ་བ་ཞིག་དགོས་རྒྱུ་ནི་ཆོས་ཕྱོགས་ཀྱི་སྐད་ཆ་ཁོ་ན་མ་རེད། གང་ལྟར་འཛམ་གླིང་འདིའི་སྟེང་མིས་བཟོས་པའི་སྡུག་བསྔལ་མང་པོ་ཞིག་ཡོད་པའི་ནང་སེམས་རྒྱུད་ལ་དོ་སྣང་བྱས་ནས་སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་གསུངས།

དེ་ནས། ཚེས་༥ཉིན་ནི། རྒྱ་གར་བྱང་ཕྱོགས་ལྷ་བབས་ཀྱི་ཡུལ་ནས་ཐེངས་འདི་སྤྱོད་འཇུག་གི་བཀའ་ཆོས་ཀྱི་ཉིན་མཐའ་མ་ཡིན་ཞིང་། སྐབས་དེར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་ཀྱི་མཇུག་སྡོམ་གནང་སྟེ། རྟེན་འབྱུང་ཞེས་པ་ནི་ཚན་རིག་པའི་ཁྲོད་དུའང་གལ་ཆེན་ཆགས་ཡོད་སྐོར་འདི་ལྟར་གསུང་དོན། ངོས་ནས་ཚན་རིག་པ་ངོ་ཤེས་པ་ཚོ་དང་མཉམ་སྐད་ཆ་བཤད་དུས་དེ་སྔ་ཡིན་ན་རྟེན་འབྱུང་ཟེར་བ་དེ་སྐད་ཆ་བཤད་མཁན་ཡོད་པ་མ་རེད། རིམ་པས་ནང་པའི་ལྟ་གྲུབ་དེ་འདྲའི་ཐོག་ནས་རྒྱུས་ཡོད་ཆགས་ཡོང་དུས་རྟེན་འབྱུང་ཟེར་བ་དེ་ཚན་རིག་པ་ཚོའི་ཁྲོད་དུའང་གལ་ཆེན་པོ་ཆགས་པ་རེད། ཅེས་གསུང་གི་འདུག སྤྱོད་འཇུག་ལ་ནམ་རྒྱུན་ཡང་ཡང་ལྟ་དགོས་སྐོར་དང་དེ་གལ་ཆེན་ཡིན་པའི་ཐད་ནས་ཀྱང་འདི་ལྟར་གསུང་དོན། བལྟོས་གྲུབ་བམ་རྟེན་འབྱུང་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་བརྩེ་བ་དགོས་པ་ཏག་ཏག་སླེབས་ཡོང་གི་འདུག སྤྱོད་འཇུག་ལེགས་བཤད་ཕུལ་དུ་བྱུང་བ་བམ་གདམས་ངག་གི་རྒྱལ་པོའི་གཞུང་འདིའི་ཞལ་ལུང་གྲོལ་བ་རེད། དེ་རིང་འདིར་དཔེ་ཆ་དཔར་བརྒྱབ་ནས་ཡོད། སྤྱོད་འཇུག་གི་དཔེ་ཆ་རྒྱུན་དུ་ཁྱེར་ནས་ཡང་ཡང་བལྟས་པ་ཡིན་ན་ཏན་ཏན་སེམས་ལ་ཕན་གྱི་རེད། དཔེ་ཆ་འདི་ང་ཚོར་སློབ་སྟོན་བྱེད་མཁན་གྱི་དཔེ་ཆ་ཞིག་ཆགས་ཡོད། དེ་བཞིན་དཔེ་ཆ་འདི་ང་ཚོའི་དགེ་རྒན་ཡང་རེད། སངས་རྒྱས་བཅོམ་ལྡན་འདས་སྐུ་ངོ་མ་མཇལ་བ་ཡིན་ནའང་། འདི་མི་གཏོགས་གསུང་རྒྱུ་མེད། ཀླུ་སྒྲུབ་ཡབ་སྲས་མཇལ་བ་ཡིན་ནའང་འདི་མ་གཏོགས་གསུང་རྒྱུ་མེད། དེར་བརྟེན་དཔེ་ཆ་འདི་ང་ཚོའི་སྟོན་པ་དང་སློབ་སྟོན་པ་ཆགས་ཡོད། ཅེས་གསུངས་ཏེ། ཐེངས་འདི་རྒྱ་གར་བྱང་ཕྱོགས་ལྷ་བབས་ཀྱི་ཡུལ་ནས་ཉིན་གསུམ་རིང་གི་སྤྱོད་འཇུག་གི་བཀའ་ཆོས་ལེགས་པར་གྲུབ་འདུག

 

གསལ་བསྒྲགས་ཀྱི་ས་མིག