19
Fri, Apr

༢༠༡༨ལོའི་ཟླ༡༡་ཚེས་༡༨ཉིན་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གནང་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ༡༡་ཚེས་༡༦ཉིན། ༸སྤྱིའི་ནོར་༸གོང་ས་ཆེན་པོ་མཆོག་གི་སྐུ་ཚབ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་གི་སྐུ་གདུང་མིན་སྨིན་སྒྲོལ་གླིང་དགོན་དུ་གདན་འདྲེན་ཞུས་ཡོད་པ་དང་། སྐུ་གདུང་ཞུགས་འབུལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གཞན་སྤྱི་འཐུས་རྣམ་པ་ཁག་གཅིག།

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་དང་ Matteo Meccaci ལགས་རྣམ་གཉིས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་དབུས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སྐྱ་སེར་མང་ཚོགས་བཅས་རིན་པོ་དམ་པ་ཁོང་ལ་མྱ་ངན་གུས་འདུས་དང་ནང་མི་སྐུ་འཁོར་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བར་ཆེད་ཕེབས་གནང་འདུག

དེ་ཡང་རྒྱ་གར་མངའ་སྡེ(UttaraKhand )ནང་ཡོད་པའི་རྡེ་ར་རྡུན་གྲོང་ཁྱེར་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་མིན་སྨིན་སྒྲོལ་གླིང་དགོན་དུ་ཟླ་༡༡ཚེས་༡༨ ཉིན་སྔ་དྲོ་ཆུ་ཚོད་ ༩༌༡༥ ཐོག་དགེ་འདུན་པ་དང་སྐུ་མགྲོན་གྱིས་སྤོས་སྣེས་སྔོན་བསུས་ཏེ། བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་གི་སྐུ་གདུང་གདན་འདྲེན་ཞུས་རྗེས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ནས་མྱ་ངན་གུས་འདུད་ཀྱི་མཇལ་དར་སྒྲོན་པ་དང་།

དེ་རྗེས་ཤར་དུ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་སྨིན་གྲྭ་ཁག་གཅིག་ནས་ཐུགས་རྗེ་ཆེན་པོའི་སྦྱིན་སྲེག་དང་། ཤར་ལྷོ་རུ་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་དབུ་བཞུགས་ཀྱིས་སྨིན་གྲྭ་ཁག་གཅིག་ནས་རྡོར་སེམས་ཀྱི་སྦྱིན་སྲེག ལྷོ་རུ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་དཔལ་ཡུལ་གྲྭ་ཚང་ནས་ཀར་གླིང་ཞི་ཁྲོའི་སྦྱིན་སྲེག ལྷོ་ནུབ་ཏུ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་དང་དཔལ་ཡུལ་ཆོས་འཁོར་གླིང་གི་དགེ་འདུན་པས་ཞི་ཁྲོའི་སྦྱིན་སྲེག ནུབ་ཏུ་མཆོག་གླིང་རིན་པོ་ཆེ་མཆོག་གིས་དབུས་པའི་མཆོག་གླིང་གྲྭ་ཚང་གིས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྦྱིན་སྲེག ནུབ་བྱང་དུ་ཁྲོམ་དགེ་འཇིགས་མེད་རིན་པོ་ཆེ་དབུ་བཞུགས་ཀྱིས་དགོན་སྡེ་ཁག་ནས་ཕེབས་པའི་ཉག་རོང་གི་དགེ་འདུན་པས་སྐུ་གསུམ་དགོངས་འདུས་ཀྱི་སྦྱིན་སྲེག བྱང་དུ་གནས་ཆུང་སྐུ་རྟེན་དབུ་བཞུགས་ཐོག་སྨིན་གྲྭ་ཁག་གཅིག་ནས་བདེ་གཤེགས་ཀུན་འདུས་ཀྱི་སྦྱིན་སྲེག བྱང་ཤར་དུ་ཞེ་ཆེན་རབ་འབྱམས་དབུ་བཞུགས་ཐོག་སྨིན་གྲྭ་ཁག་གཅིག་ནས་དཔལ་རྡོ་རྗེ་སེམས་དཔའི་སྦྱིན་སྲེག་བཅས་ཕྱོགས་བཞི་དང་མཚམས་བཞིར་དཀྱིལ་འཁོར་ཁག་བརྒྱད་བཞེངས་ཏེ་སྐུ་གདུང་ཞུགས་འབུལ་གནང་འདུག