20
Sat, Apr

༢༠༡༨ལོའི་ཟླ་༡༠་ཚེས་༣་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ལ་མཚན་རྟགས་འགོད་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

གྲོས་ཚོགས་ནས་ཁྲིམས་འཆར་གཏན་འབེབས་གནང་བ་དེས་བཟང་ཕྱོགས་སུ་འགྲོ་ཡི་ཡོད་དུས་ཏན་ཏན་ང་ཚོའི་སྤྱི་ཚོགས་ནང་དང་འོས་བསྡུ་ཐོག་ལ་ལྷིང་འཇགས་ཡོང་བར་ཕན་ཐོགས་འབྱུང་གི་རེད་བསམ་པའི་ཡིད་ཆེས་ཡོད། ཅེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་གསལ་བསྒྲགས་སྐབས་སུ་གསུང་སོང་།

དེ་ཡང་༢༠༡༨ལོའི་ ཟླ་ ༡༠ ཚེས་ ༣ ཉིན། བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་ཚོགས་ཁང་ནང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྐབས་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཁྲིམས་ཡིག་ལ་མཚན་རྟགས་བཀོད་པ་དང་སྦྲགས་གསུང་དོན། འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་བཏང་བ་དེར་སྲིད་སྐྱོང་གིས་མཚན་རྟགས་བཀོད་པར་བརྟེན་ནས་ཁྲིམས་ཆགས་ཀྱི་ཡོད་པ་དང་། གཞི་རྩའི་ཆ་ནས་ཚང་མས་མཁྱེན་གསལ་རེད། དེའི་སྔ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་དུས་ཡུན་རིང་དྲགས་པའི་རྐྱེན་གྱིས། དེ་ཐུང་དུ་གཏང་དགོས་ཀྱི་འདུག་ཅེས་གསུང་མཁན་སྤྱི་མོས་བྱུང་ཡོད། དེ་སྔ་ཡིན་ན་དངོས་གཞི་རིང་གི་སྐབས་སུ་ཟླ་བ་དྲུག་དང་ཉིན་མ་བརྩིས་ན་ཉིན་མ་ ༡༨༠ འགོར་གྱི་ཡོད་རེད། དེའི་སྒང་སྔོན་འགྲོ་བརྩིས་ན་ཉིན་མ་ ༢༠༠ ལྷག་འགོར་གྱི་ཡོད། ད་རེས་ཉིན་མ་ ༡༠༠ ལས་ཉུང་བའི་ནང་འོས་བསྡུ་ཚར་དགོས་ཀྱི་ཡོད། དུས་ཚོད་ཡིན་ཡང་ལྡབ་ལོག་གཅིག་ཉུང་དུ་བཏང་ཡོད་རེད། ༢༠༡༡ ལོ་ནས་བཟུང་འགོ་བཙུགས་ནས་དམིགས་བསལ་༢༠༡༦ ལོར་ཆོལ་ཁའི་ཕྱོགས་ཞེན་གྱི་གནས་ཚུལ་མང་པོ་བྱུང་བ་རེད། ད་ནས་བཟུང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་བཞེང་དགོས་ན་གང་ཟག་སྒེར་སོ་སོ་བཞེངས་ཏེ་འོས་རྩོད་དགོས་པ་རེད་མ་གཏོགས། ཆོལ་ཁ་དང་ཚོགས་པ་ཁག་གིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་འདོན་པ་དང་གསལ་བསྒྲགས་རིགས་གཏན་ནས་མི་ཆོག་པ་གསལ་པོ་ཆགས་ཡོད། དེ་དངོས་གནས་འགྲིག་འདུག་བསམ་པ་བྱུང་། དུས་རྒྱུན་དུ་ནས་༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང་དང་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོ་ཞེས་པ་དེ་ཁ་ཡོད་ལག་ཡོད་ཆགས་ཡོད། ཅེས་གསུང་པ་དང་།

དེ་ནས་ཁོང་གིས་མུ་མཐུད་ནས་གསུང་དོན། གཞི་རྩ་བོད་པའི་མི་འབོར་དེ་ལུང་པ་ ༣༠ དང་ ༤༠ ནང་ཡོད་ནའང། མི་འབོར་གྲངས་ཀ་བརྩིས་པ་ཡིན་ན་འབུམ་གཅིག་དང་ཕྱེད་ཀ་མ་གཏོགས་མེད། སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་མི་མང་གིས་དོ་སྣང་བྱས་ཚེ་བདུན་ཕྲག་གཅིག་ནང་ང་ཚོའི་སྤྱི་ཚོགས་ནང་འོས་མི་གང་འདྲ་ཞིག་བཞེངས་རུང་བོད་པའི་མི་འབོར་འབུམ་གཅིག་དང་ཕྱེད་ཀས་གོ་རྟོགས་མ་ཐུབ་པ་དེ་འདྲ་མཐོང་གི་མི་འདུག ཆབ་སྲིད་ཚོགས་པ་ཡོད་པའི་ལུང་པ་ཁག་གི་ནང་གཟིགས་དང་། ཆབ་སྲིད་ཚོགས་པའི་དགོས་དོན་དང་རྩ་དོན་གཉིས་བར་ལ་བསྡུར་ཡོང་དུས་སྐབས་རེ་ཆབ་སྲིད་ཚོགས་པའི་དགོས་དོན་གལ་ཆེ་བ་བརྩིས་ཏེ་རྩ་དོན་གལ་ཆེ་བ་མ་རྩིས་མཁན་ཡོང་གི་ཡོད། ཆབ་སྲིད་ཚོགས་པའི་ནང་ཕྱག་ལས་གནང་མཁན་མི་སྒེར་ཡོང་གི་ཡོད་དུས། སྒེར་དོན་དང་ཚོགས་པ་གཉིས་ལས་སྒེར་དོན་གལ་ཆེ་བ་བརྩིས་ཏེ། ཚོགས་པ་བེད་སྤྱོད་བཏང་ནས་རྩ་དོན་ལ་མི་མཐུན་པའི་ཕྱག་ལས་གནང་སྲིད་པ་རེད། ཆབ་སྲིད་ཚོགས་པ་མེད་པའི་ཐོག་ནས་མང་གཙོའི་ལམ་དུ་ཕྱིན་པ་ཡིན་ན་ཕུགས་ལ་ལྷིང་འཇགས་དང་ཞི་འཇམ་ཡོང་གི་རེད། དེར་བརྟེན་གྲོས་ཚོགས་ནས་ཁྲིམས་འཆར་གཏམ་འབེབས་གནང་བ་དེར་རྒྱབ་སྐྱོར་ཡོད། ཅེས་ཞུ་རྒྱུ་ཡིན། གཞི་རྩ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་ཀྱི་ཡོད། སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་སྐབས། དབུས་འོས་བསྡུ་ལས་ཁུངས་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས་པ་དང་། གལ་ཏེ་འོས་གཞི་གཅིག་ལས་མེད་པ་དང་དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ་རེད། དེ་མེད་ཚེ་སྔོན་འགྲོའི་འོས་བསྡུ་བསྐྱར་དུ་བྱེད་དགོས། འོན་ཀྱང་སྔོན་འགྲོའི་འོས་བསྡུའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་བརྒྱ་ཆ་ ༦༠ ཡར་ཐོབ་ཡོད་ཚེ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ་བཅས་ངོ་ཡོད་སྤྱི་འཐུས་གསུམ་ཆ་གཉིས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད། ད་རེས་གྲོས་ཚོགས་ནས་ཁྲིམས་འཆར་གཏན་འབེབས་གནང་བ་དེས་བཟང་ཕྱོགས་སུ་འགྲོ་ཡི་ཡོད་དུས་ཏན་ཏན་ང་ཚོའི་སྤྱི་ཚོགས་ནང་དང་འོས་བསྡུ་ཐོག་ལ་ལྷིང་འཇགས་ཡོང་བར་ཕན་ཐོགས་འབྱུང་གི་རེད་བསམ་པའི་ཡིད་ཆེས་ཡོད། ཅེས་གསུང་སོང་།།