20
Sat, Apr

རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་སིལ་སྤོལ་འགྲན་སྡུར་ཐེངས་༡༧ པ་འགོ་བཙུགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༩པའི་ཚེས་༢༥ཉིན། དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་སིལ་སྤོལ་འགྲན་སྡུར་ཐེངས་ ༡༧ པ་གངས་སྐྱིད་སིལ་སྤོལ་ཐང་དུ་མགོ་འཛུགས་བྱས་སོང་བ་དང་། མགོ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲི་གཅོད་ལགས་ཀྱི་གཙོའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་འཐུས་ཚབ་དང་། སིལ་སྤོལ་རྩེད་འགྲན་རུ་ཁག་ ༡༦ གི་རྩེད་མོ་བ་སོགས་ཁྱོན་མི་གྲངས་ ༨༠ ལྷག་འཛོམས་འདུག

རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་སིལ་སྤོལ་འགྲན་སྡུར་འདི་ནི་ད་བར་དུ་ཐེངས་༡༧ལ་འགྲན་སྡུར་གནང་ཞིང་། ཐེངས་འདིའི་འགྲན་སྡུར་གྱི་དམིགས་ཡུལ་གཙོ་བོ་ནི། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བྱེད་ཆེད་དང་། ཛ་དྲག་གི་དཀའ་ངལ་འོག་བསྡད་ཡོད་པའི་གཞིས་བཞུགས་བོད་མི་རྣམས་ཀྱི་བློས་གཏོང་དང་ལར་ཞེན་དྲན་པ། ཆོལ་གསུམ་ཆིག་སྒྲིལ་ཡོང་བ་བཅས་ཀྱི་ཆེད་དུ་ཡིན་སྐོར་བརྗོད་སོང་།

དེ་ཡང་། སྐུ་མགྲོན་གཙོ་བོ་ཚོགས་གཞོན་རྟ་མགྲིན་སྲི་གཅོད་ལགས་ཀྱིས་འགྲན་ཚོགས་དང་འབྲེལ་བའི་གཏམ་བཤད་གནང་སྐབས། རྩེད་འགྲན་འདིའི་བརྗོད་གཞི་དེ་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྩེད་འགྲན་ཆགས་ཀྱི་ཡོད་དུས། རྩེད་འགྲན་པ་ཚང་མས་ཐེངས་འདིའི་ལག་རྩེད་སྤོ་ལོའི་འགྲན་སྡུར་འདི་ལྟ་བུ་ཞིག་བྱེད་དགོས་པའི་དམིགས་ཡུལ་དེ་སྙིང་ལ་བཅངས་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་གཞིས་བཞུགས་བོད་མི་ཚོས་དུས་ད་ལྟ་ཡིན་ནའང་ཛ་དྲག་གི་དཀའ་ངལ་འོག་ཡོད་བསྡད་པ་ཡིན་དུས། ཁོ་རང་ཚོའི་བློས་གཏོང་དང་ལར་ཞེན་དྲན་པའི་ཐོག་ནས་རྩེད་དགོས་པ་གལ་ཆེན་པོ་རེད། རྩེད་འགྲན་འདི་བརྒྱུད་དམིགས་ཡུལ་གཉིས་པ་དེ་ང་རང་ཚོའི་གཞོན་སྐྱེས་ནང་ཁུལ་ལ་ངོ་ཤེས་དང་མཐུན་ལམ་གཅིག་སྒྲིལ་སོགས་ཡོང་རྒྱུ་དང་། ང་རང་ཚོ་བོད་མིའི་སྟོབས་ཤུགས་དེ་བོད་ཆོལ་གསུམ་གཅིག་སྒྲིལ་དེ་ཆགས་བསྡད་ཡོད་པ་རེད། དེ་ལ་དོ་ཕོག་མི་ཡོང་བའི་ཆེད་གཞོན་སྐྱེས་ཚོས་འགན་འཁུར་དགོས་པ་དང་དེ་ལ་དོ་ཕོག་འགྲོ་བའི་ལས་གཞི་གང་དུ་བརྩམས་ཀྱི་ཡོད་ན་གདོང་ལེན་བྱ་དགོས་པ་དེ་གཞོན་སྐྱེས་ཚོའི་འགྲན་འཁུར་གཙོ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། གཞན་རྩེད་མོ་རྩེ་བའི་སྐབས་སུ་ཐོབ་ཤོར་ཟེར་བ་དེ་ཆོས་ཉིད་ཆགས་བསྡད་ཡོད་དུས། ང་རང་ཚོ་བོད་མི་ནང་ཁུལ་དང་ལྷག་པར་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་ཡིན་བསམ་ནས་ལྷག་བསམ་རྣམ་དག་གིས་མཐའ་མའི་མཇུག་འབྲས་གང་ཡིན་ཀྱང་ཡག་པོ་ཞིག་རྩེ་རོགས་ཞུས་པ་ཡིན། ཞེས་བརྗོད་སོང་།

ཐེངས་འདིའི་རྩེད་འགྲན་ནང་དྷ་ས་ཁུལ་དུ་ཡོད་པའི་ཕོའི་རྩེད་འགྲན་རུ་ཁག་ ༡༠ དང་བུ་མོའི་རུ་ཁག་ ༦ ཡོད་པ་དང་། མཐའ་མའི་རྩེད་འགྲན་དེ་ཕྱི་ཟླ་ ༡༠ ཚེས་༧ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་ཉིན་མོ་དང་འཁེལ་ཡོད་སྟབས། བུའི་རུ་ཁག་ནང་གི་མཐའ་མའི་རྒྱལ་ཁ་འཐོབ་མཁན་ཨང་དང་པོ་དང་གཉིས་པ། བུ་མོའི་རུ་ཁག་ནང་གི་མཐའ་མའི་རྒྱལ་ཁབ་འཐོབ་མཁན་ཨང་དང་པོ་དང་གཉིས་པ་བཅས་ནས་ཐེངས་འདིའི་རྟིང་རྩོད་འགྲན་སྡུར་བྱ་རྒྱུ་རེད།