25
Thu, Apr

༢༠༡༨ལོའི་ཟླ་༨ཚེས་༣༠ཉིན། རྡ་སར་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོའི་ཉིན་མོར་སྲུང་བརྩི་ཞུ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༨ཚེས་༣༠ཉིན། བཞུགས་སྒར་རྡ་རམ་སར་བོད་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོའི་ཉིན་མོར་སྲུང་བརྩི་དང་རྒྱ་གཞུང་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོ་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་རྒྱལ་སྤྱིའི་ཐོག་བརྡ་ལེན་ཁ་གསལ་བྱེད་དགོས་པའི་འབོད་སྐུལ་ཞུ་སོང་།

དེ་ཡང་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོའི་ཉིན་མོ་འདི་དང་བསྟུན་ནས་བོད་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྒྱ་གཞུང་ལ་བོད་ནང་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་རྐྱེན་པས་གར་སོང་ཆ་མེད་དུ་གྱུར་བའི་ཁྲིམས་མཐུན་རང་བཞིན་ལྟ་བུའི་གནས་སྟངས་དེ་དག་འཚམས་འཇོག་བྱེད་དགོས་པ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ལ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་བརྡ་ལེན་ཁ་གསལ་བྱེད་དགོསས་པའི་འབོད་སྐུལ་དང་ས་ཡིག་བསྡུ་རམ་ལས་འགུལ་ཞིག་ཀྱང་སྤེལ་སོང་།

ཚོགས་པའི་བསྒྲགས་གཏམ་དེའི་ནང་དུ་སྤེལ་དོན། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བལྟས་ན་གར་སོང་ཆ་མེད་དུ་གྱུར་བ་ནི་གཞུང་གི་ལས་དོན་མི་སྣས་གང་རུང་ཞིག་འཇུ་བཟུང་བྱས་ཏེ་གང་ཟག་དེའི་གནས་བབ་དང་། ས་གནས་གང་དུ་ཡོད་མེད་ཁ་གསལ་མེད་པ་དང་། གང་ཟག་དེའི་རང་དབང་ལ་དོ་ཕོག་འགྲོ་བ་ཁས་ལེན་མི་བྱེད་པའི་དབང་གིས་ཁོ་ཚོའི་ཁྲིམས་ཐོག་གི་སྲུང་སྐྱོབ་མེད་པར་གྱུར་བ་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། བོད་ནང་བོད་མི་མང་པོ་ཞིག་ཀྱང་གནས་བབ་དེ་འདྲ་ཞིག་འོག་གནས་ཡོད། ཅེས་དང།

དེ་རྗེས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་ངོ་སྤྲོད་མདོར་བསྡུས་དང་རྒྱ་གཞུང་གི་ག་དུས་འཇུ་བཟུང་བྱས་ཡོད་མེད། ད་ལྟའི་གནས་སྟངས་ཡང་གསལ་ཁ་མེད་པ་བཅས་དང་། ༢༠༡༨ལོ་ལྷ་ས་གྲོང་འཁྱེར་གྱི་འགོ་ཁྲིད་པདྨ་དབང་འདུས་ཁ་ཎ་ཀྲར་བསྐྱོད་སྐབས་པཎ་ཆེན་རིན་པོ་ཆེ་ཁོང་ད་ལྟར་མི་སེར་དཀྱུས་མ་ཞིག་ཡིན་པ་ཆ་ནས་ཀུན་དང་འདྲ་བའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། མཐོ་སློབ་ཐོན་ནས་མི་ཚེ་དོན་ལྡན་ཞིག་སྐྱེལ་མུས་ཡིན་ངེས་རེད་ཅེས་བརྗོད་ཡོད་པ་དང་། ད་དུང་པདྨ་དབང་འདུས་ཁོང་གིས་མི་གཞན་སུ་དང་ཐུག་འདོད་བྱེད་ཀྱི་མེད་ཅེས་བརྗོད་འདུག

དེ་ནས་བོད་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྒྱལ་སྤྱིའི་ཚོགས་པ་ཁག་ལ་༼གར་སོང་ཆ་མེད་ཀྱི་རང་དབང་ཅན་གྱི་ལས་དོན་ཚོགས་ཆུང༽་ལྟ་བུ་ཞིག་ཆེད་བསྐྱོད་བྱས་ཏེ་ཞིབ་འཇུག་མ་བྱས་ཚེ་རྒྱ་གཞུང་གི་གླེང་ཕྱོགས་དེ་ཚོ་ང་ཚོས་ཡིད་བརྟན་འཕེལ་བ་ཞིག་གཏན་ནས་མེད་ཅེས་དང་། དོན་ཚན་བཞི་ཅན་གྱི་དགོས་འདུན་ཞིག་ཀྱང་བཏོན་སོང་། དང་པོ། རྒྱ་ནག་གཞུང་གི་ངོས་ནས་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་རྒྱ་ནག་ལ་ཆེད་བསྐྱོད་བྱས་ཏེ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་གནས་བབ་ཁ་གསལ་བཟོ་དགོས། གཉིས་པ། རྒྱ་གཞུང་གིས་ལྐོག་ཏུ་འཇུ་བཟུང་གིས་ས་གནས་ངེས་ཅན་ཞིག་ལ་བཙན་འཇོག་ཆོག་པའི་ཁྲིམས་ལུགས་དེ་མེད་པ་བཟོ་དགོས། གསུམ་པ། རྒྱ་ནག་གིས་རྒྱལ་སྤྱིའི་གར་སོང་ཆ་མེད་སྐྱེ་བོའི་གནས་བབ་སྲུང་སྐྱོབ་བྱེད་པའི་ཆིགས་ཡིག་ལ་མིང་རྟགས་བཀོད་ནས་ཁས་ལེན་བྱེད་དགོས། བཞི་པ། རྒྱ་གཞུང་རྒྱལ་་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་མི་ཡིན་པའི་ཆ་ནས་དེའི་ཐད་འགན་འཁུར་དང་བརྩི་བཀུར་བྱེད་དགོས། བཅས་ཡིན་འདུག