18
Thu, Apr

༢༠༡༨ལོའི་ཟླ་༨་ཚེས་༢༧ཉིན། དབུས་སྣེ་ལས་ཁང་དུ་དབུ་མའི་ལམ་ཟབ་སྦྱོང་དབུ་འབྱེད་སྐབས་སུ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༨ཚེས་༢༧ཉིན། བོད་མི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཉིན་གསུམ་རིང་དབུ་མའི་ལམ་གྱི་ཟབ་སྦྱོང་ཞིག་དབུས་སྣེ་ལས་འབྲེལ་མཐུད་ཁང་དུ་དེ་རིང་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གནང་སོང་བ་དང་། ཟབ་སྦྱོང་འདིར་རྒྱ་གར་མངའ་སྡེ་བདུན་ནང་ཡོད་པའི་བོད་པའི་ཚོགས་པ་ལྔ་ཡི་སྐུ་ཚབ་༢༤་ཕེབས་ཡོད་པ་དང་། ཚོགས་པ་འདི་དག་ནི་བོད་ཀྱི་བུད་མེད་ལྷན་ཚོགས་དང་། རྒྱལ་སྤྱི་དབུ་མའི་ལམ་མི་མང་ལས་འགུལ་ཚོགས་པ། ཆིག་སྒྲིལ་ཚོགས་པ། མདོ་སྟོད། མངའ་རིས་ཚོགས་པ་བཅས་རེད་འདུག

དེ་ཡང་། ཟབ་སྦྱོང་དབུ་འབྱེད་མཛད་སྒོ་ཐོག་བོད་མི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་དྭགས་པོ་བསོད་ནམ་ནོར་བུ་ལགས་གྱིས་དབུ་མའི་ལམ་ནི་རྒྱ་ནག་སྲིད་འཛིན་ཏིང་ཞོ་ཕིང་གིས་གྲོས་མོལ་མ་བྱེད་གོང་ནས་༧གོང་ས་མཆོག་གི་ཐུགས་ལ་ཡོད་པ་ཞིག་ཡིན་སྐོར་དང་། དབུ་མའི་ལམ་གྱི་ལོ་རྒྱུས་མདོར་བསྡུས་བཅས་ངོ་སྤྲོད་གནང་སོང་།

དེའི་རྗེས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ང་ཚོ་བོད་པ་ཚོ་ནི་བཙན་བྱོལ་བ་ནང་ནས་བཙན་བྱོལ་བ་མི་འདྲ་ཞིག་ཡིན་པ་དང་། ཤེས་ཡོན་དང་མཐུན་རྐྱེན་གང་ཅིའི་ཐད་ནས་རྒྱལ་ཁབ་རྒྱ་གར་ལྟ་བུར་བསྡུར་ནའང་། བོད་པའི་ཤེས་ཡོན་ཚད་ནི་བརྒྱ་ཆའི༩༠ཡར་བརྒལ་ཡོད་པ་དང་རྒྱ་གར་ཤེས་ཡོན་ཚད་ནི་ད་དུང་བརྒྱ་ཆའི༧༠ནང་རེད། དེ་བཞིན། བོད་པའི་གྲོང་གསེབ་ཁག་གི་མཐུན་རྐྱེན་ཡང་གྲོང་གསེབ་གཞན་ལས་བཟང་བ་ཡོད་ཅེས་དང་། དེ་ནི་གཙོ་བོ་༧གོང་ས་མཆོག་དང་བོད་མི་རྒན་རབས་ཚོའི་བཀའ་དྲིན་རེད་ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། བོད་མི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་སྲིད་བྱུས་ཀྱིས་བོད་ཀྱི་བདེན་མཐའ་སེལ་ཐབས་བྱེད་ཡོད། བོད་ཀྱི་བདེན་མཐའ་སེལ་ནས་ང་ཚོ་བོད་ལ་ལོག་དུས་བོད་ནང་ཡོད་པའི་བོད་མི་ཚོས་བོད་འཛིན་སྐྱོང་བྱེད་དགོས་པ་ལས། འདིར་ཡོད་པའི་སྲིད་སྐྱོང་དང་བཀའ་བློན་རྣམས་རང་འཇགས་བོད་ལ་ལོག་ནས་ཐོབ་ཐང་དེ་དགོས་ཟེར་ནས་རྩོད་ཀྱི་མེད། དེར་བརྟེན། དབུ་མའི་ལམ་གྱི་སྲིད་བྱུས་འདི་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཡག་ཤོས་ཐོབ་གི་ཡོད་ཅེས་དང་།

འཇུག་མཐར་དུ། དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་།