19
Fri, Apr

༢༠༡༨ལོའི་ཟླ༨ཚེས་༨ཉིན་རྡ་ས་དང་ལྡི་ལི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འགོ་བརྩམས་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༨ཚེས་༨ཉིན། བཞུགས་སྒར་དུ་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཡིས་༢༠༠༨ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་པོ་བྱུང་ནས་མི་ལོ་༡༠་འཁོར་བར་ཆེད་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ནི་བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་ནས་ཟླ༨་པའི་ཚེས་༨་ཉིན་བཞུགས་སྒར་རྡ་ས་ནས་ནོར་བུ་གླིང་ག་བར་དུ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་པོ་བྱུང་ནས་མི་ལོ་༡༠་འཁོར་བའི་ཆེད་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་སོང་བའི་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ཚོགས་གཙོ་ཚེ་བརྟེན་ནོར་བུ་ཡིས་ལས་འགུལ་དེའི་འབྲེལ་བརྗོད་གནང་དོན།

དེ་རིང་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཡིས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་དགོས་པ་ནི་རྒྱ་ནག་དམར་པོ་སྲིད་གཞུང་ལ་བརྡ་ལན་སྤྲད་རྒྱུ་ཞིག་ལ་ང་ཚོ་བོད་པའི་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་རེད། དབུ་འཁྲིད་གཅིག་རེད། སྒྲིག་འཛུགས་གཅིག་རེད། རྩ་དོན་གཅིག་རེད། ཁ་གཏད་གཅོག་ས་གཅིག་རེད། དེ་ནི་རྒྱ་ནག་དམར་པོ་སྲིད་གཞུང་རེད། བོད་ཆོལ་ཁ་གསུམ་དང་བོད་ཕྱི་ནང་གཉིས་ཀྱིས་རྡོག་རྩ་གཅིག་སྒྲིག་གིས་རྒྱ་དམར་པོའི་གཞུང་ལ་ད་བར་དུ་ཁ་གཏད་བཅག་ཡོད་པ་རེད།

ད་དུང་མུ་མཐུད་ནས་བོད་རྩ་དོན་ཆེད་དུ་འཐབ་རྩོད་དང་ལས་འགུལ་རྒྱུན་སྐྱོང་སྤེལ་རྒྱུ་དང་། ༢༠༠༨ལོའི་ཟླ་༨་ཚེས་༨་ཉིན་རྒྱ་ནག་པེ་ཅིང་དུ་ཨའོ་ལིན་ཧྥེང་ལུས་རྩལ་འགྲན་ཚོགས་འཚོགས་ཡོད་པ་དང་། ཨའོ་ལིན་ཧྥེང་རྩེད་འགྲན་ནི་འཛམ་གླིང་ཐོག་ཕན་ཚུན་འདྲ་མཉམ་དང་འཆམ་མཐུན་གྱི་རྣམ་པར་གསར་བ་ཞིག་གི་ཕྱོགས་སུ་མདུན་བསྐྱོད་བྱེད་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལུས་རྩལ་ཆགས་ཡོད་ཀྱང་།

ལོ་དེར་རྒྱ་ནག་གཞུང་གིས་རྩ་དོན་དང་དམ་བཅའ་ཡོངས་སུ་རྩིས་མེད་རྡོག་རོལ་བཏང་ནས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་ཕྱོགས་ཡོངས་དང་ཁྱོན་ཡོངས་ནས་དྲག་གནོན་བྱས་ནས་ལོ་ངོ་༡༠་ཕྱིན་ཡོད་པས་རྒྱལ་སྤྱིའི་ཨའོ་ལིན་ཧྥེང་རྩེད་འགྲན་རྩེད་གྱིས་དེའི་ཐོག་དཔྱད་ཞིབ་གནང་བ་ཐོག་ནས་རྩེད་མོ་དེའི་ཆེས་མཐོང་དང་རིན་ཐང་མ་བརླག་བའི་ཐོག་ནས་དགོངས་པ་བཞེས་དགོས་པ་དང་ཕྱོགས་བསྡོམས་རྒྱག་དགོས་པའི་དུས་ཚོད་སླེབས་འདུག རྒྱ་ནག་གཞུང་ལ་ཨའོ་ལིན་ཧྥེང་རྩེད་འགྲན་རྒྱ་ནག་དུ་རྩེད་བཅུག་པ་དེ་ནོར་འཁྲུལ་ཞིག་ ཡིན་པ་ངོས་ལེན་ཞུ་རན་འདུག་ཅེས་དང་།

ཁོང་གིས་མུ་མཐུད་ནས་བོད་དོན་རྒྱབ་སྐྱོར་བ་གང་ཟག་སྒེར་དང་སྒྲིག་འཛུགས་། ཚོགས་པ་སུ་ཡིན་རུང་ ཁ་ཞེ་གཉིས་མེད་ཐོག་དགོངས་བཞེས་དང་རྒྱབ་སྐྱོར་གནང་བའི་དུས་ཚོད་སླེབས་འདུག་ཅེས་འབོད་སྐུལ་གནང་སོང་།

ལས་འགུལ་འདིའི་དམིགས་ཡུལ་ནི་མི་ལོ་༡༠་ཡར་སྔོན་དུ་བྱུང་པའི་ས་བྱི་ཞི་རྒོལ་ཆེན་མོའི་འཐབ་རྩོད་ཀྱི་ནང་ནས་འདས་གྲོངས་སུ་སོང་བ་དང་། ཡུན་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ། གར་སོང་ཆ་མེད་དུ་གྱུར་བའི་རང་རིགས་སྤུན་ཟླ་རྣམས་དང་། ཁོ་ཚོའི་ནང་མི་བུ་ཕྲུག་དང་བཅས་པར་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག རྒྱལ་གཅེས་པ་ཁོང་རྣམས་ཀྱིས་མི་རིགས་ཀྱི་ལར་ཞེན་དང་སྙིང་སྟོབས་དེ་དག་ཡིད་ལ་དྲན་པའི་འཐབ་རྩོད་དེ་མུ་མཐུད་ནས་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། གོང་ནས་གོང་དུ་འཕེལ་ཐུབ་པའི་དམ་བཅའ་གསར་བ་དང་། ཆོད་སེམས་གསར་པ་ཞིག་ཀྱང་འཇོག་ཐུབ་བྱེད་དགོས། ཞེས་སྐོར་འདུག

འདི་ལོ་ནི་༢༠༡༨ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་མི་ལོ་ཧྲིལ་བོ་༡༠་འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་པ་དང་། ལོ་དེའི་ཟླ་༣་ཚེས་༡༠་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་འགོ་འཛུགས་ཀྱིས་རིམ་བཞིན་ བོད་ཀྱི་མདོ་དབུས་ཁམས་གསུམ་ཁྱོན་ཡོངས་སུ་ཞི་རྒོལ་གྱེན་ལངས་དེ་ནི་༡༩༥༩ལོའི་གྱེན་ལངས་བྱུང་ཚུན་ནས་གཞི་རྒྱ་ཆེ་ཤོས་དང་། དུས་ཡུད་རིང་ཤོས། མི་གྲངས་མཉམ་བཞུགས་བྱེད་ཚད་མང་ཤོས་ཀྱི་ལས་འགུལ་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཏུའངས་དོ་སྣང་ཧ་ཅང་ཆེན་པོ་བྱུང་བ་རེད་ཅེས་འགྲེལ་བརྗོད་གནང་སོང༌།

མུ་མཐུད་གསུངས་དོན། ཐ་ན་རྒྱ་ནག་ནང་ཁུལ་གྱི་ཤེས་ཡོན་ཅན་དང་རྩོམ་པ་པོ་མང་པོ་ཞིག་གིས་བོད་མིའི་འཐབ་རྩོད་ལ་དྲང་བདེན་གྱི་རྒྱབ་སྐྱོར་བྱེད་པའི་རྩོམ་ཡིག་དང་བསྒྲགས་གཏམ་ཡང་ཧ་ཅང་མང་པོ་ཞིག་སྤེལ་ཡོད་། དེར་བརྟེན། ས་བྱིའི་ཞི་རྒོལ་ཆེན་མོའི་ལས་འགུལ་དེ་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཐོག་དོན་སྙིེང་ཧ་ཅང་ཆེ་བ་དང་། ང་ཚཽས་མི་རབས་བར་དྲན་གསོ་བྱེད་འོས་པའི་རླབས་ཆེན་གྱི་འཐབ་རྩོད་ཅིག་ཀྱང་ཆགས་ཡོད།

དེ་ཡང་ཐོག་མར་ལོ་དེའི་ཟླ་༣་ཚེས་༡༠་ཉིན་གྱི་ལྷ་སའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་༤༠༠་ལྷག་ཙམ་གྱིས་བོད་ནང་ཆོས་དད་རང་དབང་དགོས། རྒྱ་མི་བོད་ནང་གནས་སྤོ་བྱེད་པ་མཚམས་འཇོག་དགོས་ཞེས་ཞི་རྒོལ་ བགྲོད་གནང་བ་དང་དེ་ནས་བོད་ས་ཡོངས་སུ་ཁྱབ་འཕེལ་ཕྱིན་ཡོད་པར་རྒྱ་གཞུང་གིས་ཞི་རྒོལ་ལ་དྲག་གནོན་བྱས་པ་དང་མ་མཐའ་ཡང་༢༢༥་ཙམ་ཚེ་སྲོག་ཤོར་ཡོད་པ་དང་། བོད་མི་༦༨༠༠ལྷག་ཙམ་འཇུ་བཟུང་བྱས་ཡོད་ཅིང་། བོད་མི་༥༡༠་ཚད་གཞི་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་སོགས་ཞིབ་འཇུག་སྙན་ཐོ་ཁག་ལས་ཤེས་རྟོགས་བྱུང་། ཞེས་བཀོད་གནང་འདུག