24
Wed, Apr

༢༠༡༨ལོའི་ཟླ༧ཚེས་༣༡ཉིན་སྲིད་སྐྱོང་མཆོག་གིས་བཞུགས་སྒར་དུ་གསར་འགོད་གསལ་བསྒྲགས་གནང་བཞིན་པ། དབྱངས་ཅན་སྒྲོལ་མས་པར་བླངས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་པ་ཚོ་སྐྱབས་བཅོས་ལ་ཡོང་ནས་ང་ཚོའི་ཆོས་དང་རིག་གཞུང་ལ་ཧ་ཅང་ཕན་ཐོགས་བྱུང་ཡོད་པ་དང༌། དེའི་ནང་ནས་༧གོང་ས་མཆོག་ང་ཚོའི་རྩ་བའི་བླ་མ་ཡིན་དུས་ཁོང་གིས་ཐུགས་ཕམ་བྱུང་བ་ཡིན་ན་ང་ཚོའི་མི་ཚེ་ནང་དེ་ལས་བློ་ཕམ་པ་ཞིག་མེད་པས། དེའི་སྐོར་ང་ཚོས་ནན་ཏན་གྱིས་ལས་ཀ་བྱ་འཆར་ཡོད་ཅེས་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་བློན་ཆེན་འཇམ་དཔལ་དབང་འདུས་མཆོག་གིས་འགྲེལ་བརྗོད་གནང་སོང༌།

༢༠༡༨ལོའི་ཟླ་༧ཚེས་༣༡ཉིན། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་བློན་ཆེན་འཇམ་དཔལ་དབང་འདུས་མཆོག ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཚེ་རིང་སྒྲོལ་མ་ལགས། ་བཅས་ནས་ཉེ་སྔོན་ཨ་རུ་ནཱ་ཅལ་ནང་བྱུང་བའི་ཡུལ་མིའི་ངོ་རྒོལ་ཐོག་གསལ་འགོད་གསལ་བསྒྲགས་ཤིག་གནང་སྤེལ་སོང་ནང༌། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། ཉེ་སྔོན་ཨ་རུ་ནཱ་ཅལ་ནང་བྱུང་བའི་ངོ་རྒོལ་ལས་འགུལ་གནས་ཚུལ་དེ་དག་མང་ཆེ་ཤོས་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་བྱུང་བའི་གནས་ཚུལ་རེད་ལ། མང་པོ་ཞིག་གིས་སེམས་འཚབ་བྱེད་ཀྱི་ཡོད་དུས། ཐོག་མ་དེར་ངས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ནས་བོད་པ་ཚོར་མཐུན་སྦྱོར་རོགས་རམ་ཧ་ལས་པའི་ཡག་པོ་གནང་བ་དང་གནང་མུས་ཡིན་དུས་ཐུགས་རྗེ་ཆེ་ཞུ་བ་ཡིན། ཨ་རུ་ནཱ་ཅལ་ཁུལ་དུ་བོད་པ་ལྔ་སྟོང་ལས་མེད་པ་དང༌། ད་ལྟའི་ཆར་བོད་པའི་གཞིས་ཆགས་ཁག་གི་ནང་ཡོད་པའི་བོད་མི་ཚོ་དང་ཡུལ་མི་ཚོ་འཆམ་པོ་མཐུན་པོ་བསྡད་འདུག་པས། དེར་ཐུགས་རྗེ་ཆེ་ཞུ་བ་ཡིན་ལ། བོད་པ་ཚོར་མཚོན་ན། ཡུལ་མིའི་ཁྲིམས་འཁུར་དགོས་པ་དང་མི་རིགས་མཐུན་སྒྲིལ་དགོས་པ། དུས་རྟག་ཏུ་ཞི་བའི་ངང་ནས་གནས་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང༌།

དེ་ནས་ཆོས་དང་རིག་གཞུང་གི་བློན་ཆེན་འཇམ་དཔལ་དབང་འདུས་མཆོག་གིས་གསུངས་དོན། ཐེངས་འདིར་ང་ཡོང་དོན་གཙོ་བོ་དེ་ཨ་རུ་ནཱ་ཅལ་ནང་ཡོད་པའི་མོན་རིགས་སློབ་ཕྲུག་༡༠་ཟློས་གར་སྦྱོང་བའི་ཆེད་དུ་ཡོང་བ་ཡིན༌། ཉེ་བའི་ཆར་གནས་ཚུལ་བློ་ཕམ་ཞིག་བྱུང་ཡོད་པ་རེད། དེར་ང་ཚོ་མོན་རིགས་ཚང་མ་བློ་ཕམ་བྱུང༌། ང་ཚོ་ནང་པ་ཚོར་ཆ་བཞག་ན་བརྒྱ་ཆ་༡༠ཙམ་ལས་མེད་པ་རེད། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་སེར་འབྲས་དགའ་གསུམ་དང་བོད་ཁྱིམ་སློབ་གྲྭ་ཁག་ཏུ་སློབ་གཉེར་གནང་མཁན་མང་པོ་ཡོད་པ་རེད། ཁོ་ཚོར་ཡིན་ནའང་བདེ་བོ་མེད་པའི་གནས་སྟངས་འོག་ཆོས་རིག་ལས་ཁུངས་ཀྱི་འགན་འཁུར་བའི་ཐོག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་བཤད་ཅིག་བྱས་ན་ཡག་པོ་ཡོད་སྐོར་བརྗོད་བཞིན་འདུག དེར་བརྟེན་ཟླ་༨་ཚེས་༡༢་ལ་ཚོགས་འདུ་ཞིག་ཚོགས་འཆར་ཡོད་པ་དང༌། ཚོགས་འདུ་དེར་ང་ཚོས་དམིགས་ཡུལ་གཙོ་བོ ༣ བཀོད་ཡོད་པ་རེད། སྤྱིར་མོན་དང་བོད་ཀྱི་བར་ལ་མི་རབས་ནས་མི་རབས་བར་འབྲེལ་བ་ཞིག་ཡོད་པ་རེད་ལ། དེ་བཞིན་༧གོང་ས་མཆོག་ང་ཚོའི་རྩ་བའི་བླ་མ་རེད། མི་རྒན་པ་ཚོས་གནས་སྟངས་དེ་དག་གི་སྐོར་ལ་ཤེས་ཀྱི་ཡོད་ན་ཡང་མི་རབས་གཞོན་པ་ཚོ་ས་གནས་གང་སར་སློབ་གྲྭ་སོང་བསྡད་པ་ཡིན་དུས་མི་ཤེས་མཁན་མང་པོ་ཞིག་འདུག གཞོན་སྐྱེས་ཚོས་གོ་རྟོགས་མེད་པའི་འགོ་ནས་ཚོགས་པ་དེ་འདྲ་ནང་འགྲོ་སྲིད་དུས། དེ་ལྟར་མི་ཡོང་ཆེད་གོ་རྟོགས་སྤེལ་རྒྱུ་དང༌། བོད་པའི་སློབ་གྲྭ་ཁག་ནང་ཡོད་པའི་སློབ་ཕྲུག་ཚོའི་ཕ་མ་ཚོར་གོ་རྟོགས་སྤེལ་བའི་འཆར་གཞི་ཡོད་གསུངས་སོང༌།

ཁོང་གིས་མུ་མཐུན་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་ང་ཚོའི་རྩ་བའི་བླ་མ་ཡིན་པ་དང༌། ང་ཚོའི་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་ལགས་ལ་མཚོན་ན་ནང་པ་རེད་ལ། མོན་པ་ཡང་རེད། ལྷག་པར་དུ་རྒྱལ་བ་རིན་པོ་ཆེའི་སློབ་མ་ཞིག་ཡིན་པའི་ངོས་ནས་བོད་པ་ཚོར་བརྩི་མཐོང་དང་གུས་ཞབས་ཡོད་པ་རེད། སྤྱིར་དེ་ལྟར་བཤད་ན་ཡག་པོ་ཡོད་པ་མ་རེད་དེ། དེ་ཡི་རྐྱེན་གྱིས་མཚམས་མཚམས་ཆབ་སྲིད་ཀྱི་རྙོག་དྲ་ཞིག་ཡོང་གི་ཡོད་པ་རེད། གློ་བ་ཚོར་མཚོན་ན་ཁ་ཤས་ཀྱིས་སློབ་སྦྱོང་ཡག་པོ་བྱས་ཏེ་ཡ་རབས་སྤྱོད་བཟང་ཡོད་མཁན་མང་པོ་ཡོད་པ་རེད། ཡིན་ན་ཡང༌། རིགས་ཁ་ཤས་ལ་སློབ་སྦྱོང་མེད་ཆོས་ཀྱང་མེད་དུས་དཀའ་རྙོག་ཕྲ་ལ་ཕྲན་བུ་ཡོང་གི་ཡོད་པ་རེད།

སྤྱིར་གློ་བ་དང་ང་ཚོ་འཆམ་པོ་ཡོད་ན་ཡང་མཚམས་རེར་དེ་ལྟ་བུ་ཡོང་གི་ཡོད་དུས་དེ་དག་མི་ཡོང་བ་བྱ་རྒྱུ་དེ་ང་ཚོ་མོན་པ་ཚོས་ལས་འགན་རེད་བསམ་ཀྱི་འདུག བོད་པ་ཚོ་སྐྱབས་བཅོལ་ལ་ཡོང་བ་ནས་ང་ཚོའི་ཆོས་དང་རིག་གཞུང་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད་ལ། དེའི་ནང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ང་ཚོའི་རྩ་བའི་བླ་མ་ཡིན་དུས་ཁོང་གི་ཐུགས་ཕམ་པོ་བྱུང་བ་ཡིན་ན་ང་ཚོའི་མི་ཚེ་ནང་དེ་ལས་བློ་ཕམ་ཞིག་ཡོད་མ་རེད། དེ་ཡིན་དུས་དེ་དག་གི་སྐོར་ལ་ང་ཚོས་ནན་ཏན་གྱིས་ལས་ཀ་བྱ་འཆར་ཡོད། ཅེས་གསུངས་སོང༌།