19
Fri, Apr

ཚོགས་གཙོ་ལྷ་རོང་དང་ཚོགས་གཞོན་རིན་ཆེན་དབང་རྒྱལ་དང་རྩིས་པ་རང་གྲོལ་ལགས་བཅས་ནས་༢༠༡༨ཟླ་༧ཚེས་༡༨ཉིན་བཞུགས་སྒར་དུ་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་བཞིན་པ། པར་པ་བསྟན་འཛིན་ཆོས་དབང༌།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

རྒྱ་གར་རྒྱལ་ཡོངས་བོད་པའི་མཐོ་རིམ་སློབ་མའི་ཚོགས་པས་བོད་པའི་གཞོན་སྐྱེས་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོའི་ལས་གཞི་བརྒྱུད་ལས་འགུལ་འདྲི་མིན་ཞིག་རིང་མིན་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས་ཀྱི་ངོས་ནས་གོ་སྒྲིག་ཞུ་འཆར་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༨ཟླ༧ཚེས༡༨སྔ་དྲོ་ཕྱག་ཚོད་༡༡ཐོག་བཞུགས་སྒར་བོད་ཀྱི་མགྲོན་ཁང་ནང་རྒྱ་གར་རྒྱལ་ཡོངས་བོད་རིགས་གཞོན་སྐྱེས་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོའི་ལས་གཞི་དེ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་དང༌། གསར་འགོད་ལྷན་ཚོགས་དེར་རྡ་སར་གནས་སྡོད་བོད་མིའི་གསར་འགྱུར་རྒྱུད་ལམ་ཁག་གི་གསར་འགོད་པ་འགའ་ཕེབས་ཏེ་བོད་པའི་གཞོན་སྐྱེས་ཚོགས་པ་དེའི་ལས་གཞི་དང་ལས་འཆར་ཁག་གི་སྐོར་དྲི་བ་དྲི་ལན་ཡང་གནང་ཡོད་པ་རེད།

ཚོགས་པ་དེའི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལྷ་རོང་ལགས་ནས་གསུངས་པར་གཞིགས་ན། ལས་གཞི་དག་གི་ནང་རྒྱ་གར་རྒྱལ་ཡོངས་བོད་པའི་སློབ་ཕྲུག་ལས་གྲུབ་པའི་ཚོགས་པ་དང་བོད་པའི་གཞོན་སྐྱེས་སུམ་རྒྱ་ལྷག་ལ་ཤེས་ཡོན། རིག་གཞུང་འཁྲབ་སྟོན། རྩེད་རིགས། གློག་བརྙན་བཟོ་སྐྲུན། བགྲོ་གླེང་གཏམ་བཤད། སོགས་ལ་གོ་སྐབས་བསྐྲུན་ཐུབ་པ་དང་དེ་བཞིན་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཁག་ལས་གྲུབ་པའི་དམིགས་བསལ་ཚོགས་འདུ་བསྡུ་སྐོང་གིས་ལས་འཆར་གོ་སྒྲིག་ཞུ་རྒྱུ་སོགས་འཚུད་ཡོད་འདུག

ཉག་ཕྲ་བའི་བོད་མིའི་འཐབ་རྩོད་ཀྱི་དུས་འདིར་མི་རབས་འདིའི་བོད་པའི་གཞོན་སྐྱེས་ཁྲོད་རང་མི་རིགས་དང་སྤྱི་ཚོགས་ལ་འགན་ཁུར་གྱི་བསམ་བློ་དང་དོན་གཉེར་བྱེད་མཁན་ལོ་རེ་ནས་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་བློ་ཚབས་ཡོད་པ་བཅས་ལ་བརྟེན་གཞོན་སྐྱེས་འདུ་འཛོམས་ཀྱི་ལས་གཞི་འདི་ལྟ་བུ་ཞིག་ཁ་ཚ་དགོས་གཏུགས་སུ་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་སོང༌།

རྒྱ་གར་རྒྱལ་ཡོངས་བོད་པའི་མཐོ་རིམ་སློབ་མའི་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོ་ཞིག་ཀྱང་རིང་མིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཚགས་སུ་འདི་ལོར་འཚོགས་འཆར་ཡོད་ལུགས་ཡང་གསལ་བསྒྲགས་གནང་སོང༌།

ལས་གཞི་འདིའི་ནང་རྒྱ་གར་རྒྱལ་ཡོངས་བོད་པའི་སློབ་ཕྲུག་ལས་གྲུབ་པའི་ཚོགས་པ་བཅུ་ལྷག་དང་བོད་རིགས་གཞོན་སྐྱེས་སུམ་རྒྱ་ལྷག་ནས་མཉམ་ཞུགས་གནང་གི་ཡོད་འདུག ༼   རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས  ༽  ཀྱི་ངོས་ནས་དེ་དང་དེ་འདྲ་བའི་ལས་འགུལ་འདི་སྔོན་སྤེལ་ཡོད་ཚུལ་གསར་འགོད་ལྷན་ཚོགས་སྐབས་སུ་གསལ་བཤད་གནང་སོང་བ་བཅས།།