20
Sat, Apr

༧གོང་ས་མཆོག་གིས་མཇལ་ཁ་སྩོལ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དུས་རབས་༢༡འདི་བཞིན་འཚེ་མེད་ཞི་བའི་དུས་རབས་ཤིག་ཡོང་དགོས་ན། མི་རེ་ངོ་རེའི་བསམ་བློར་འགྱུར་བཅོས་བཏང་བའི་ཐོག་ནས་ཡོང་ཐུབ།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༡་ཉིན་བཞུགས་སྒར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝི་ཏི་ནམ་ནས་ཕེབས་པའི་དད་ལྡན་མང་ཚོགས་ ༨༠ དང་། ཐད་ཀར་དྲ་ལམ་ཐོག་ནས་མཇལ་ཁ་ཞུ་བཞིན་པའི་དད་ལྡན་ཁག་གཅིག་བཅས་ལ་བཀའ་སློབ་སྩལ་འདུག ཐད་ཀར་དྲ་ཐོག་ནས་མཇལ་ཁ་ཞུ་མཁན་རྣམས་ཡུལ་དེའི་རྒྱལ་ས་ཧ་ནོའི་(Ha Noi)དང་། དེ་བཞིན་གྲོང་ཁྱེར་ཧེ་པོངྒ་(Hai Phong) དང་། ཧུ་ཅིན་མིན་(Ho Chi Minh)བཅས་ནས་མང་ཚོགས་ཁག་གཅིག་ཕེབས་འདུག

༸གོང་ས་མཆོག་གིས་ “དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་སྐྱོ་པོ་དེ་ཚོར་སྣང་ཆུང་ཁྱད་གསོད་ཁོ་ན་བྱས་པ་དང་། གཞི་རིམ་འཚོ་བའི་མཐུན་རྐྱེན་མ་འདང་བར་བརྟེན་ནས་ཕྲུ་གུ་མང་པོ་འཆི་སྐྱོན་བྱུང་བ། རྒྱུ་ནོར་ཡོད་ཀྱང་མི་ཚེ་བདེ་སྐྱིད་ཀྱིས་ཕོང་བ་བཅས་ནི་ད་ལྟའི་འཛམ་གླིང་གི་གནས་སྟངས་ཡིན། དེང་སྐབས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོའི་འཛུགས་སྐྲུན་གལ་ཆེར་བརྩི་བ་མ་གཏོགས་མིའི་ནང་གི་གཤིས་རྒྱུས་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་སྣང་མེད་དུ་གཏོང་བཞིན་ཡོད། དུས་རབས་ ༢༡ འདི་བཞིན་འཚེ་མེད་ཞི་བའི་དུས་རབས་ཤིག་ཡོང་དགོས་ན། མི་རེ་ངོ་རེའི་བསམ་བློར་འགྱུར་བཅོས་བཏང་བའི་ཐོག་ནས་ཡོང་ཐུབ། མི་སྒེར་ནས་སྤྱི་ཚོགས་དང་། རིམ་བཞིན་འཛམ་གླིང་ཁྱོན་དུ་འཚེ་མེད་ཞི་བ་དར་སྤེལ་ཐུབ་རྒྱུ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། གྲོང་གསེབ་དང་གྲོང་ཁྱེར་ནང་གི་འཚོ་བའི་དབར་ཁྱད་པར་སྐོར་བཀའ་སློབ་སྩོལ་སྐབས་གྲོང་གསེབ་ནང་ཚང་མ་ཕན་ཚུན་ངོ་ཤེས་ཐོག་གཅིག་ཕན་གཅིག་གྲོགས་ཀྱི་འཆོ་བ་སྐྱེལ་བཞིན་ཡོད་ཀྱང་། གྲོང་ཁྱེར་ནང་དུ་གཅིག་གིས་གཅིག་ལ་སེམས་ཐག་ཉེ་བའི་འབྲེལ་བ་དེ་ཙམ་མེད་སྟབས། གྲོགས་མེད་ཁྱེར་རྐྱང་ལུས་པའི་དཀའ་ངལ་སོགས་འཕྲད་བཞིན་ཡོད་པ་སོགས་ལ་བརྟེན་རང་ཤི་རྒྱག་མཁན་མང་བ་ཡོད་པ་དང་། ཕྱོགས་མཚུངས་ཕྲུ་གུའི་མི་ཚེར་བསམ་བློ་བཏང་ནས་བཟའ་ཚང་ཁ་བྲལ་མི་ཡོང་བ་བྱེད་དགོས། བཟའ་ཚང་ཁ་བྲལ་སྐབས་ཕྲུ་གུ་ཚོར་གྱོང་གུད་ཧ་ཅང་འཕོག་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། སང་ཉིན་སླར་ཡང་མུ་མཐུད་བཀའ་སློབ་དང་དྲི་བ་དྲིས་ལན་མཛད་རྒྱུ་ཡིན་འདུག ཐེངས་འདིར་༸གོང་ས་མཆོག་གིས་ཝི་ཏི་ནམ་དད་ལྡན་མང་ཚོགས་རྣམས་ལ་མཇལ་ཁ་དང་བཀའ་སློབ་དྲ་རྒྱའི་ཐོག་ཐད་གཏོང་མཛད་ཐེངས་བཞི་པ་ཡིན་འདུག