16
Tue, Apr

ཡུ་རོབ་སྐུ་ཚབ་འཐུས་མིས་གསར་འགོད་གསལ་བསྒྲགས་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ང་རང་དེ་སྔའི་དམར་ཤོག་རྒྱལ་ཁབ་ནས་ཡོང་བ་ཞིག་ཡིན་སྟབས་བོད་མིའི་དཀའ་ངལ་དང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་འཛིན་བཞིན་པའི་སྲིད་བྱུས་དེ་དག་ཧ་ཅང་རྒྱུས་མངའ་ཡོད། ང་ཚོས་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་དེར་ངོ་རྒོལ་བྱེད་བཞིན་ཡོད། ཅེས་བཞུགས་སྒར་ངྷ་རམ་ས་ལར་འཚམས་གཟིགས་སུ་ཕེབས་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་གསུམ་གྱིས་གསུངས་འདུག

དེ་ཡང་བཞུགས་སྒར་ངྷ་རམ་ས་ལར་འཚམས་གཟིགས་སུ་ཕེབས་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་གསུམ་གྱིས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༩: ༥༠ ཙམ་ལ་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ས་གངས་སྐྱིད་བཀའ་ཤག་ཚོགས་ཁང་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུག དེ་ཡང་སྐུ་ཞབས་ཐོ་མ་སི་མན་Thomas Mann མཆོག་དང་། སྐུ་ཞབས་ས་བྷ་སོ་གོར་ CsabaSogor མཆོག སྐུ་ཞབས་ར་མོན་ཏྲི་མོ་ས་ Ramon Tremosa་མཆོག བཅས་གྲོས་ཚོགས་འཐུས་མི་གསུམ་དང་། སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ནས་བཀའ་ཤག་མཇལ་འཕྲད་ཁང་དུ་ཕྱི་ནང་གི་གསར་འགོད་པ་འདུ་འཛོམས་ཀྱི་ཐོག་མར་སྐུ་ཞབས་ཐོ་མ་སི་མན་མཆོག་གིས་གསུང་དོན། ང་ཚོ་ཡུ་རོབ་སྤྱི་མཐུན་ཚོགས་པས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་ཞུ་བཞིན་ཡོད། བོད་དང་ང་ཚོ་སེམས་ཐག་ཧ་ཅང་ཉེས་པོ་ཡོད་པ་སྨྲོས་མེད་རེད། ཁ་སང་ཕྱི་ཟླ་ ༥ ཚེས་ ༩ ཡིན་སྟབས་ཡུ་རོབ་ཀྱི་ཉིན་མོ་འཁེལ་ཡོད། དམིགས་བསལ་ཉིན་མོ་དེར་ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་བཅར་ཞུས་པ་ཡིན། སྐབས་དེར་༸གོང་ས་མཆོག་གིས་སྤྱིར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནང་མི་མཐུན་པ་མང་པོ་ཡོང་བ་ཆོས་ཉིད་ཡིན་སྐོར་བཀའ་སློབ་ཕེབས་བྱུང་། བདེན་པ་རེད། ང་ཚོ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་སྐྱབས་བཅོལ་བ་ལེན་ཕྱོགས་སོགས་གནད་དོན་མང་པོ་ཞིག་ཐོག་བསམ་ཚུལ་མི་མཐུན་པ་ཡོང་བཞིན་ཡོད། འོན་ཀྱང་གལ་ཆེ་ཤོས་ནི་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་འདི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད། ཅེས་གསུངས།

ཁོང་གིས་མུ་མཐུད་གསུངས་དོན། ང་ཚོས་ཡུ་རོབ་གྲོས་ཚོགས་ཙམ་མ་ཟད། འབྱོར་མེད་གྲལ་རིམ་གྱི་རྒྱལ་ཁབ་ནང་ལས་ཀའི་གོ་སྐབས་དང་། འགྲོ་བ་མིའི་ཐོབ་ཐང་མེད་པར་གཞན་གྱིས་སྡུག་སྦྱོང་མནར་གཅོད་འོག་དཀའ་སྡུག་མྱོང་བཞིན་པ་སོགས་ལ་རོགས་རམ་བྱ་རྒྱུ་འདི་ང་ཚོས་གནད་དོན་ཧ་ཅང་གལ་ཆེར་འཛིན་བཞིན་ཡོད། ང་ཚོས་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་དེར་ངོ་རྒོལ་བྱེད་བཞིན་ཡོད། བོད་མི་ཚོར་སྐད་ཡིག་སྲུང་སྐྱོབ་དང་ཐུན་མིན་རིག་གནས་ལ་སློབ་སྦྱོང་བྱ་རྒྱུ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱའི་ཐོབ་ཐང་ཆ་ཚང་ཡོད་དགོས། བོད་མིའི་འོས་བསྡུའི་ལས་རིམ་སྐབས་ང་རང་དྷ་སར་བཅར་རྒྱུ་བྱུང་། མང་ཚོགས་རྣམས་ཀྱིས་ཆ་ཤས་ཡག་པོ་བླངས་པ་མཐོང་བྱུང་། ངས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བོད་མིའི་སྲིད་སྐྱོང་དུ་ཐེངས་གཉིས་པར་འོས་འདེམས་བྱུང་བར་འཚམས་འདྲི་ཞུ་རྒྱུ་བྱུང་། ཞེས་སོགས་གསུངས།

དེ་རྗེས་སྐུ་ཞབས་ས་བྷ་སོ་གོར་ CsabaSogor མཆོག་གིས་གསུང་དོན། ང་རང་དེ་སྔའི་དམར་ཤོག་རྒྱལ་ཁབ་ནས་ཡོང་བ་ཞིག་ཡིན་སྟབས་བོད་མིའི་དཀའ་ངལ་དང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་འཛིན་བཞིན་པའི་སྲིད་བྱུས་དེ་དག་ཧ་ཅང་རྒྱུས་མངའ་ཡོད། ངའི་ཕ་ཡུལ་རོ་མེ་ནི་ཡར་མཚོན་ན་ད་ལྟ་དམར་ཤོག་མིན། འོན་ཀྱང་སྲིད་བྱུས་ལ་དེ་ཙམ་འགྱུར་བ་ཕྱིན་མེད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་དེ་སྔའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་ཡང་ཚས་འཛིན་སྐྱོང་བྱེད་བཞིན་ཡོད། འོན་ཀྱང་བོད་མི་ཚོ་ལྟར་དེ་འདྲའི་དྲག་གནོན་འོག་གནས་དགོས་པའི་གནས་སྟངས་ཤིག་མེད། ཡུ་རོབ་སྤྱི་མཐུན་ཚོགས་པར་མཚོན་ནའང་ནོར་འཁྲུལ་མེད་པའི་སྒྲིག་འཛུགས་ཤིག་མ་རེད། ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནང་ཡོད་པའི་རྒྱལ་ཁབ་ཁག་གཅིག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་གྲངས་ཉུང་མི་རིགས་ལ་དཀའ་ངའ་འཕྲད་བཞིན་ཡོད། དེར་བརྟེན་ང་ཚོས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དེའི་ནང་ཡོད་པའི་མི་འབོར་ས་ཡ་ལྔ་བཅུའི་ཐོབ་ཐང་ཆེད་རྩོད་བཞིན་ཡོད། ང་ཚོའི་ཐབས་ལམ་དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བྱམས་བརྩེ་གཞི་ལ་བཞག་པའི་འཚེ་མེད་ཞི་བའི་ཐབས་ལམ་དེ་རྒྱུན་སྐྱོང་བྱེད་བཞིན་པ་དང་། ཐབས་ལམ་དེར་ང་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོད། རྒྱ་ནག་དམར་ཤོག་ཚོགས་པ་འཐོར་ཞིག་འགྲོ་བའི་ཉིན་མོ་དེར་ང་ཚོར་གྲ་སྒྲིག་དགོས། དེར་བརྟེན་བོད་མི་ཚོས་འཕྲལ་སེལ་ཙམ་མིན་པར་ཕུགས་རྒྱང་རིང་པོའི་ཆེད་ད་ལྟ་ནས་གྲ་སྒྲིག་བྱེད་དགོས། ཞེས་སོགས་གསུངས།

དེ་ནས་སྐུ་ཞབས་ར་མོན་ཏྲི་མོ་ས་RamonTremosa་མཆོག་གིས་གསུང་དོན། སྤྱིར་ང་ཚོས་བོད་ཀྱི་ལོ་རྒྱུས་ཤེས་ཀྱང་ཁ་སང་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མི་ཚོས་དཀའ་སྡུག་ཇི་ཙམ་མྱངས་པའི་གནས་སྟངས་ཆ་ཚང་བ་ཞིག་མཐོང་བྱུང་། རྒྱ་ནག་གཞུང་གིས་དམར་གསོད་བཏང་བ་དང་། བོད་མི་སྟོང་ཕྲག་མང་པོ་རྐང་ཐོག་ཧི་མཱ་ལ་ཡི་རི་རྒྱུད་མང་པོ་བརྒལ་ནས་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་པའི་པར་རིས་རྣམས་མཐོང་བྱུང་། སྐབས་དེར་ངའི་བསམ་བློར་ཇི་སྲིད་བོད་མིས་གཙོས་འཛམ་གླིང་གི་ས་གནས་གཞན་དང་གཞན་གྱི་ནང་མང་ཚོགས་རྣམས་ལ་རང་དབང་མེད་པ་ཡིན་ན་ངའི་རང་དབང་དེ་ཡང་རང་དབང་ཆ་ཚང་ཞིག་མིན་པའི་ངེས་པ་རྙེད་བྱུང་། ང་རང་བོད་མིའི་གྲོགས་པོ་ཞིག་ཡིན་པའི་རྒྱུ་མཚན་དུ་བྱས་ནས་ངས་བོད་ལ་རང་བཙན་དགོས་རེད། ཅེས་ཞུ་མ་ཐུབ་ཀྱང་བོད་མི་ཚོར་རང་དབང་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སོགས་ངེས་པར་དུ་དགོས། མང་གཙོ་དང་རང་དབང་སོགས་རིན་ཐང་དེ་དག་ཆེད་འཐབ་རྩོད་བྱེད་དགོས་པ་རེད་མ་གཏོགས་གཞན་གྱིས་ལག་ཐོག་ཏུ་རྔན་པ་སྤྲད་པ་ལྟ་བུ་སྤྲོད་མཁན་མེད། གལ་ཏེ་ད་ལྟའི་གདུག་རྩུབ་ཅན་གྱི་སྲིད་གཞུང་དེ་ཚོས་བྱེད་སྟངས་ལ་ང་ཚོས་ངོ་རྒོལ་མ་བྱས་པ་ཡིན་ན་མི་རབས་བརྗེ་པོ་བརྒྱབ་ནས་སླར་ཡང་མི་རབས་གསར་པ་ཚོས་རང་དབང་དང་མང་གཙོ་སོགས་ཀྱི་ཆེད་འཐབ་རྩོད་བྱེད་དགོས་པ་ཆགས་རྒྱུ་རེད། དེར་བརྟེན་མི་རབས་རྗེས་མ་ཚོས་རང་དབང་དང་དྲང་བདེན། མང་གཙོ་བཅས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་ཆེད་ང་ཚོས་མུ་མཐུད་རིན་ཐང་དེ་དག་ཆེད་འཐབ་རྩོད་བྱེད་དགོས། ཅེས་སོགས་གསུངས།

སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསུང་དོན། དེང་སྐབས་རྒྱལ་སྤྱིའི་འབྲེལ་ལམ་དང་དཔལ་འབྱོར་འཕེལ་རྒྱས། དེ་བཞིན་སྟོབས་ཤུགས་ཀྱི་འགྲན་རྩོད་འཁྲུག་ཆ་དོད་པའི་སྐབས་འདིར་ད་ལྟའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་དེས་རྒྱལ་སྤྱིའི་སྣེ་ཁྲིད་ཀྱི་འགན་བཞེས་ཀྱི་མེད་སྟབས་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་གཉིས་ལ་ལས་འགན་དེའི་ཐོག་གནོན་ཤུགས་གསར་པ་ཞིག་སླེབ་བཞིན་ཡོད་སྟབས། ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལའང་ཁ་ཕྱོགས་གསར་པ་ཞིག་ཏུ་འགྲོ་རྒྱུའི་གནོན་ཤུགས་སླེབ་བཞིན་ཡོད། རྒྱལ་སྤྱིའི་ཆབ་སྲིད་སོགས་ཀྱི་འགྱུར་ལྡོག་དེ་དག་འོག་བོད་ཀྱི་གནད་དོན་དེའང་དུས་ཚོད་གལ་འགངས་ཆེན་པོ་འོག་འགྲོ་བཞིན་ཡོད། དེར་བརྟེན་ཐེངས་འདིར་ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་རྣམས་བཞུགས་སྒར་དུ་ཕེབས་པ་དེས་བོད་མི་དང་བོད་དོན་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་དང་ཆོད་སེམས་ཡོད་པ་རྣམ་པ་གསལ་འདོན་གནང་བ་ཞིག་ཡིན་ཞེས་གསུངས་འདུག