19
Fri, Apr

བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༥ པའི་སྐབས་ཀྱི་ཚོགས་གཙོ་དབུ་བཞུགས་ཀྱི་པར། པར་བ་ཆོས་ཉིད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༣།༡༤ཉིན་སྤེལ། "རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་དང་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱི་གནས་བབ་ཐོག་ལ་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་མྱུར་དུ་གྲོས་མོལ་བསྐྱར་མཐུད་བྱེད་པའི་འབོད་སྐུལ་ཞུ་ཡི་ཡོད།"བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་སོང་།

དེ་རིང་སྔ་དྲོའི་ཚོུད་ ༩།༣༠ཐོག
བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༥ པ། ཚོགས་དུས་འདི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་༢༠༡༨ ནས་༢༠༡༩ བར་གྱི་སྔོན་རྩིས་གཏན་འབེབས་ཀྱི་གྲོས་ཚོགས་འགོ་འཛུགས་བྱས་ཤིང་། ལས་ཉིན་དང་པོའི་སྔ་དྲོའི་ཆར་འཆར་ཅན་ལྟར་གཞུང་གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག དེ་མིན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་བགྲོ་གླེང་བྱས་སོང་།

དེ་ཡང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གྲོས་ཚོགས་ཚོགས་དུས་ ༥ པའི་དབུག་འཛུགས་གསུངས་བཤད་དུ། "བོད་མི་རྣམས་སྲིད་དོན་གྱི་སྐྱབས་བཅོལ་བ་ཆགས་ནས་བཟུང་། སྒྲུབ་དགོས་པའི་ཆབ་སྲིད་ཀྱི་ལས་དོན་མང་པོ་ཞིག་ཡོད་པ་ལས་གལ་ཆེ་ཤོས་ནི་བོད་དོན་བདེན་མཐའ་གསལ་རྒྱུ་དེ་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་ཡི་ཡོད་པ་མངོན་གསལ་ཡིན་ཡང་། འགྱུར་བ་ཁ་ཕྱོགས་དེ་གང་འདྲ་ཞིག་ཆགས་མིན་ཚོད་དཔག་བྱེད་དཀའ་བ་ཞིག་རེད།" ཅེས་དང་།

གཞན་ཡང་། ཁོང་གིས་མུ་མཐུད་དུ། "རྒྱལ་སྤྱིའི་ནང་བོད་དོན་ལ་ནུས་པ་མཉམ་སྤུངས་ཀྱི་རྒྱབ་སྐྱོར་བྱེད་པའི་གནས་ཚད་མཐོན་པོ་སླེབས་ཡོད་པ་དང་། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་དང་འབྲེལ་བའི་ཡིག་ངག་གཉིས་ཐོག་ནས་གོ་བརྡ་གསལ་པོ་སྤྲད་ཡོད་ཀྱང་། ད་བར་ཡ་ལན་བྱས་མེད་པ་རེད།" ཅེས་དང་།

དེ་མིན། ཚོགས་གཙོས་གསུང་ལས། "དེང་གི་ཆར་རྒྱ་ནག་དེ་རྒྱལ་སྤྱིའི་ནང་དཔལ་འབྱོར་སོགས་ཀྱི་ཐོག་ལ་གནས་ཚད་མཐོན་པོ་སླེབས་ཡོད་ཀྱང་། བོད་ཚུད་པའི་གྲངས་ཉུང་མི་རིགས་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་མེད་པའི་གནས་སྟངས་སྡུག་ཏུ་འགྲོ་བཞིན་ཡོད་པར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཡོང་བཞིན་པ། བོད་མི་རྣམས་ཀྱིས་ད་བར་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ཞི་རྒོལ་རབ་དང་རིམ་པ་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་དང་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱི་གནས་བབ་ཐོག་ལ་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་མྱུར་དུ་གྲོས་མོལ་བསྐྱར་མཐུད་བྱེད་པའི་འབོད་སྐུལ་ཞུ་ཡི་ཡོད།" ཅེས་དང་།

ད་དུང་ཁོང་གིས་མུ་མཐུད་དེ། "བོད་མི་རྣམས་བཙན་བྱོལ་དུ་སླེབས་ནས་ལོ་ངོ་ ༦༠ ཟིན་འགྲོ་ཡི་ཡོད་པ་དང་། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཡོད་པ། ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་ཡོད་པ་ཡིན་དུས། ང་ཚོས་ཁོང་གི་བཀའ་སློབ་དང་དགོངས་གཞི་སེམས་ལ་བཞག་ནས། ཁོང་གི་བཀའ་དྲིན་དེ་དྲིན་ལན་ལོག་འཇལ་གྱི་རྒྱུ་རུ་མི་འགྲོ་བ་དང་ལོ་རྒྱུས་ནང་ནག་ཐིག་མི་ཕོག་པ་བྱེད་རྒྱུ་གལ་ཆེན་པོ་རེད།"ཅེས་དང་།

ཡང་ཁོང་གིས་གསུང་བར། "གྲོས་ཚོགས་ནང་ལས་རིམ་མང་པོ་ཞིག་གི་ཐོག་བསམ་ཚུལ་མི་མཐུན་པ་ཡོང་སྲིད་ཀྱང་། གནད་དོན་ཐོག་གླེང་སློང་བྱེད་དགོས་པ་ལས་ཕན་ཚུན་ཟུར་ཟ་དང་སྡིགས་ར། མཐོང་ཆུང་སོགས་བྱེད་མི་ཉན་པ་དང་། གྲོས་ཚོགས་དེར་དོ་སྣང་བྱེད་མཁན་བོད་གཞིས་བྱེས་གཉིས་ཙམ་མ་ཟད། རྒྱལ་སྤྱིའི་ནང་དང་རྒྱ་ནག་གཞུང་གིས་ཀྱང་དོ་སྣང་བྱེད་ཀྱི་ཡོད་པས། གླེང་སློང་རྣམས་བོད་ཀྱི་འཐབ་རྩོད་ལ་ཕན་པ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཡིད་ཆེས་འཕེར་རྒྱུའི་ཚབ་ལ་ཡིད་ཐང་ཆད་པའི་རྒྱུ་རུ་མི་འགྲོ་བ་བྱེད་རྒྱུ་གལ་ཆེན་རེད།"ཅེས་དབུ་འཛུགས་གསུང་བཤད་གནང་སོང་།

དེ་བཞིན་གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ལས་རིམ་ནང་གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་བགྲོ་གླེང་། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༧ ནས་༢༠༡༨ བར་གྱི་སྔོན་རྩིས་གཏན་འབེབས་སོགས་ཀྱི་ལས་རིམ་ཡོད་པ་དང་། འཚོགས་ཡུན་ཚེས་༡༤ ནས་༢༤ བར་ཡིན་པ་བཅས།