23
Tue, Apr

སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་དྲུག་པའི

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༣།༡༣ ཉིན་སྤེལ། འདི་ཟླའི་ཕྱི་ཚེས་ ༡༢ ནས་ ༡༤ བར། སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་དྲུག་པ་ཉིན་གཉིས་རིང་སྐོང་ཡོད་པ་དང་། ཆོས་བརྒྱུད་གྲུབ་མཐའ་ཁག་ནས་ཕེབས་པའི་རྩོམ་སྒྲིག་པ་ ༤༠ ལྷག་ཅིག་གིས་རྩོམ་སྒྲིག་དང་འབྲེལ་བའི་བགྲོ་གླེང་དེ་མཇུག་གྲུབ་གནང་འདུག

དེ་ཡང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་མཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚོགས་འདུའི་ཐེངས་དྲུག་པའི་སྐོར་གྱི་གསུང་བཤད་དུ། "ད་ལོའི་ཕྱི་ཟླ་ ༡༢ པའི་ནང་སྨོན་ལམ་ཚིག་མཛོད་ཐོན་རིམ་གཉིས་པ་དེ་ཕྱི་ལ་བཀྲམ་རྒྱུ་ཡིོན་པ་དང་། ཐོན་རིམ་དང་པོའི་ནང་དུ་ཐ་སྙད་ ༡༡༣༡༡༣ ཞིག་ཡོད་པ་རེད། ད་ཐེངས་ཐོན་གཉིས་པ་དེ་ལའང་ཐ་སྙད་ ༡༠༠༠༠༠ ལྷག་དང་ཐོན་རིམ་གཉིས་ཀ་བསྡོམས་ནས་ཐ་སྙད་ ༢༠༠༠༠༠ ཤིག་ཡོང་རྒྱུར་རེ་བ་དང་འབད་བརྩོན་བྱེད་ཀྱི་ཡོད། ན་ནིང་ལོར་རྩོམ་སྒྲིག་སྡེ་ཚན་ཁག་ནས་བྱུང་བའི་ཐ་སྙད་ ༢༥༠༠༠ ལྷག་ཅིག་ཡོད་པ་དང་། དེའི་སྒང་ལ་སྨན་གྱི་ཐ་སྙད་ ༢༥༠༠༠ ཞིག་དང་། དེ་ནས་ཐོན་སྔོན་མའི་ནང་དུ་མེད་པའི་ཐ་སྙད་ཁྲི་ ༤ ལྷག་ཅིག་རྩོམ་སྒྲིག་བྱེད་བཞིན་ཡོད། གལ་ཆེན་པོ་གཅིག་དེ་ང་ཚོའི་ཐ་སྙད་ཀྱི་འབྱུང་ཁུངས་གང་རེད་ཅེས་པ་ལྟར། ང་ཚོས་ཏུན་ཧོང་གི་ཡིག་ཆ་དེབ་གྲངས་ ༡༧ ཡོད་པ་ཆ་ཚང་གློག་ཀླད་ནང་དུ་བཅུག་ནས་ལས་ཀ་དེ་འགྲུབ་ཐུབ་པ་བྱུང་ཡོད། མ་འོངས་པར་ཐ་སྙད་དེ་དག་དུས་རབས་གང་ཞིག་གི་ཡིན་ན་གློག་གིས་འཚོལ་ཐུབ་ཀྱི་ཡོད་པ་རེད། དེ་ནས་དུས་རབས་ ༡༢ དང་ ༡༣། ༡༤ ནང་བྱུང་བའི་ཕུ་རིའི་ཡིག་ཚགས་ཟེར་བ་ཞིག་ཡོད་པ་ཧ་ལམ་ཤོག་ལྷེ་ཁྲི་གཅིག་ཙམ་ཡོད་པ་དེ་ད་ལྟ་བོད་ནང་ལ་དཔར་སྐྲུན་བྱ་གྲབས་ཡོད་པ་རེད། ཐ་སྙད་དེ་དག་ཚང་མ་དང་དེ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྐབས་ཀྱི་ཆབ་སྲིད་ཀྱི་ཐ་སྙད། ས་གཤིས་རིག་པའི་ཐ་སྙད་གསར་པ་སོགས་སྒྲིག་བཞིན་ཡོད།"ཅེས་དང་།

གཞན་ཡང་། དགེ་བཤེས་ལགས་ཀྱིས་མུ་མཐུད་གསུང་བར། "ཐེངས་འདིའི་ཚོགས་འདུའི་ཐོག་གླེང་བྱ་གཙོ་བོ་ཐ་སྙད་རྩོམ་སྒྲིག་པ་ཚོ་དང་། ཁོང་ཚོའི་ཐ་སྙད་རྩོམ་སྒྲིག་སྐབས་ཀྱི་དཀའ་ངལ་དང་ཐ་སྙད་རྩོམ་སྒྲིག་ཐད་ཀྱི་བསམ་ཚུལ་སོགས་ལ་དེ་སྔོན་ཁོང་ཚོའི་ངོས་ནས་བསམ་ཚུལ་ཤོག་ལྷེ་ ༡༥ ལྷག་ཅན་ཞིག་ཕུལ་ཡོད་པ་དང་། ང་ཚོའི་ངོས་ནས་དེ་དག་སྡེ་ཚན་གསུམ་དུ་བགོས་ཏེ་དང་པོ་འཛིན་སྐྱོང་དང་འབྲེལ་བའི་སྐོར་དང་། གཉིས་པ་གློག་ཆས་ཀྱི་གནད་དོན་སྐོར། གསུམ་པ་རྩོམ་སྒྲིག་དང་འབྲེལ་བའི་སྐོར་བཅས་ཡིན་པ་རེད། དེ་བཞིན་རྩོམ་སྒྲིག་སྐབས་སུ་དཀའ་ངལ་ཆེ་ཤོས་དེ་ལས་བྱེད་འགྱུར་བ་ཕྱིན་པ་དང་བརྗེ་བོ་བརྒྱབས་འགྲོ་བ་དེ་རེད། ཚིག་མཛོད་རྩོམ་སྒྲིག་པ་ཚོར་མཚོན་ན། ང་ཚོའི་ངོས་ནས་སྦྱོང་བརྡར་སོགས་སྤྲད་ནས་ཡག་པོ་ཆགས་ཡོད་དུས་གློ་བུར་འགྱུར་བ་ཐེབས་སོང་བ་དེ་ཕངས་པོ་ཞེ་དྲག་འདུག དེ་བཞིན་བོད་ནང་གི་ཤེས་ཡོན་པ་ཚོར་མཚོན་ན། སྨོན་ལམ་ཚིག་མཛོད་ལ་རྒྱབ་སྐྱོར་དང་གདེང་འཇོག་ཆེན་པོ་གནང་གི་འདུག་ལ། ཁོང་ཚོས་གཙོ་བོ་བྱ་ཚིག་གི་ཕྱོགས་ནས་བསམ་ཚུལ་མང་པོ་བཏོན་བྱུང་ལ་ཕན་ཐོགས་ཆེན་པོ་བྱུང་།"ཅེས་འགྲེལ་བརྗོད་གནང་ཞིང་།

དེ་མིན། འགན་འཛིན་མཆོག་གིས་སྤྱི་ཚོགས་ནང་དུ་སྨོན་ལམ་ཚིག་མཛོད་ཕབ་ལེན་བྱས་པའི་གྲངས་ཐོའི་སྐོར་ནས་བརྗོད་པར། "ཚིག་མཛོད་རྩོམ་སྒྲིག་དེ་ལོ་དགུའི་ལས་གཞི་ཞིག་ཡིན་པ་དང་། ལས་གཞི་འདིའི་ཁྲོད་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་དང་རིག་གཞུང་ལྟ་གྲུབ། ཡུལ་སྲོལ་གོམས་གཤིས་སོགས་གང་ཡོད་པ་ཚང་མ་ཆ་ཚང་བ་དང་ཕུན་སུམ་ཚོགས་པ་ཞིག་ཡོང་བའི་ཆེད་དུ་ང་ཚོས་ལས་གཞི་འདི་མགོ་བཙུགས་པ་རེད་ལ། ལས་གཞིའི་རིམ་པ་དང་པོ་དེ་གལ་ཆེ་ཤོས་ཆོས་ལུགས་དང་ལྟ་གྲུབ་ཁག་རྩིས་ནས་སྔོན་ལ་འདི་དག་གི་ལས་གཞི་བཞག་ཡོད་པ་དང་། ལས་གཞི་འདི་ལྟ་བུ་ཞིག་ལས་ཁུངས་གཅིག་དང་མི་སྣ་རེ་གཉིས་ཞིག་གིས་ཡོང་ཐབས་མེད་དུས། ང་ཚོས་བོད་ཀྱི་ཆོས་བརྒྱུད་དང་གྲུབ་མཐའ་རིས་མེད་ཀྱི་བླ་ཆེན་ཁག་ལ་འབོད་སྐུལ་དང་སྙན་སེང་ཞུས་ཏེ་ལས་གཞི་འདི་མགོ་འཛུགས་ཐུབ་པ་བྱུང་བ་དང་། ད་ལྟ་ལོ་དགུའི་ནང་གི་སུམ་ཚན་དང་པོ་དེ་འགྲོ་ཚར་ཡོད་པ་རེད་ལ། འདས་པའི་ནང་ང་ཚོས་ལས་གཞི་འདི་ཡག་པོ་འགྲོ་ཐུབ་ཡོད་པ་རེད། ང་ཚོས་ཚིག་མཛོད་ཆེན་པོ་འདི་ལྟ་བུ་ཞིག་སྒྲིག་ནས་མི་མང་པོ་ཞིག་གིས་དཀའ་ལས་བརྒྱབས་ཡོད་པ་ལྟར། གྲུབ་འབྲས་ནི། བདུན་ཕྲག་གཅིག་གི་གོང་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་ཀུ་ཤུ་ཁ་པར་དང་ཨ་ཕེ་ཊི(Ipad)གཉིས་ཁོ་ནའི་ནང་ལ་ཕབ་ལེན་བྱེད་མཁན་ ༢༣༠༧༡༦༢ ཟིན་ཡོད་པ་དང་། དེའི་ནང་ནས་བེད་སྤྱོད་བྱེད་མཁན་བརྒྱ་ཆ་ ༩༠ ཞིག་བོད་ནང་ལོགས་ནས་རེད་འདུག རྩ་བའི་ཆ་ནས་བོད་ཀྱི་སྐད་ཡིག་དེ་མ་སྐད་ཡིན་མཁན་བོད་མི་ས་ཡ་ ༦ དང་། དེ་བཞིན་ཡུལ་ལུང་གཞན་ཧི་མ་ལ་ཡའི་རི་རྒྱུད་དང་པ་ཀི་སི་ཐན་ནང་ལྟ་བུ་ནས་བོད་ཡིག་དེ་མ་སྐད་ཡིན་མཁན་སོགས་བསྡོམས་ན་ས་ཡ་ ༨ ལྷག་ཅིག་བཤད་ཀྱི་ཡོད་པ་རེད།" ཅེས་གསུངས་སོང་།

དེ་བཞིན། སྨོན་ལམ་རྩོམ་སྒྲིག་ཁང་གི་འགན་འཛིན་མཆོག་གིས་ཉིན་གཉིས་རིང་གི་སྐོང་ཚོགས་སྐོར་འདི་ག་གསར་འགོད་པར་བརྗོད་པར། "ལས་ཀ་ནི་རིམ་བཞིན་ཉམས་མྱོང་མ་འདྲ་བ་ཡོང་བ་ཞིག་ཡིན་དུས། ད་ལོ་ཡང་ང་ཚོས་མཉེན་ཆས་ཡར་རྒྱས་གཏོང་བའི་སྐོར་ནས་བློ་བསྐྱེད་ཡག་པོ་རག་སོང་ལ། ལོ་འདིའི་ནང་དུ་ང་ཚོས་ཚིག་མཛོད་བཏོན་པ་མ་ཟད། ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་བཏོན་པར་འབད་པ་བྱེད་ཀྱི་ཡོད། དེ་མིན་རྩོམ་སྒྲིག་ཚོགས་ཆུང་ཆུང་རེར་རྩོམ་སྒྲིག་པའི་འགན་འཛིན་ཞིག་འཇོག་དགོས་སྐོར། འགན་འཛིན་དེས་ལོ་གསུམ་མམ་ལོ་དྲུག ཡང་ན་ལོ་དགུ་ལ་ཕྱག་ལས་གནང་བའི་སྐོར་ལ་གྲོས་མོད་ཡག་པོ་ཞིག་བྱུང་སོང་།"ཞེས་དྲིས་ལན་གནང་སོང་།

གཞན་ཡང་། ཚོགས་ཐེངས་འདིར་རྩོམ་སྒྲིག་པ་རྣམ་པས་གྲོས་ཆོད་དོན་ཚན་གསུམ་གྲོས་བསྡུར་གྱི་ལམ་ནས་གཏན་འབེབས་བྱས་ཡོད།
དོན་ཚན་དང་པོ། ཚིག་མཛོད་རྩོམ་སྒྲིག་བྱེད་མཁན་སུ་ཞིག་ཡིན་ཡང་མ་མཐའ་ལོ་གཅིག་གི་རིང་ལ་ཚིག་མཛོད་རྩོམ་སྒྲིག་གི་ལས་ཀ་བྱས་མེད་ན་རྩོམ་སྒྲིག་པའི་ཁོངས་སུ་མི་བརྩི་རྒྱུ་བྱས་ཡོད་པ་དང་། ལོ་གཅིག་དང་། ལོ་གསུམ། ལོ་དྲུག ལོ་དགུའི་རིང་བྱས་པ་ཡིན་ན་རིམ་བཞིན་ལོ་མང་ཉུང་ལ་དཔག་པའི་མིང་ཐོབ་གསར་དུ་གཏན་འཁེལ་བཟོ་རྒྱུ་དང་། ཕྱག་འཁྱེར། གསོལ་རས་རིམ་པར་གཏན་འབེབས་ཀྱིས་འབུལ་རྒྱུ།
དོན་ཚན་གཉིས་པ། རྩོམ་སྒྲིག་ཁང་ཁག་ནས་ཉམས་མྱོང་ལོ་མང་བསགས་པའི་རྩོམ་སྒྲིག་པ་རྒན་པ་རྣམས་རིམ་པ་བྱས་ནས་དབུས་རྩོམ་སྒྲིག་ཁང་དུ་ཕེབས་ནས་མ་མཐའ་ཡང་ཟླ་བ་གཅིག་གམ་ཡང་ན་ཟླ་ཤས་རིང་ཕྱག་ལས་གནང་གཏན་ཁེལ་བ།
དོན་ཚན་གསུམ་པ། དབུས་རྩོམ་སྒྲིག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ད་ལོའི་དུས་ཚོད་ལ་ལྟོས་ཏེ་རྩོམ་སྒྲིག་སྡེ་ཚན་ཁག་ཏུ་ཕྱོགས་ཕེབས་གནང་ཨེ་ཐུབ་བལྟ་རྒྱུ་བཅས།།