23
Tue, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༢།༡༤ཉིན་སྤེལ། བཞུགས་སྒར་ངྷ་སར་ཡོད་པའི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་འགྲེམས་སྤེལ་ཞུས་པའི་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་པ་པོ་དང་ཀློག་པ་པོ་རྣམས་སུ་ཁྱབ་མཉམ་བཅར་འདྲི་ཞུས་པའི་དེབ་<<སྨྱུག་ཐོགས་བོད་མོ།>>ཞེས་པ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུ་འབྱེད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་ལས་ཤག་ཏུ་འདི་ག་གསར་ཁང་གིས་དཔེ་སྐྲུན་བྱས་པའི་<<སྨྱུག་ཐོགས་བོད་མོ།>>ཞེས་པའི་བཙན་བྱོལ་བུད་མེད་རྩོམ་པ་པོ་ཁག་ཅིག་ལ་བོད་ཀྱི་རྩོམ་རིག་སྐོར་ནས་བཅར་འདྲི་བྱས་པའི་དེབ་ཅིག་དབུ་འབྱེད་གནང་སོང་།

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ལ་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ྇་ཤེས་ཕུན་ཚོགས་ལགས་དང་བོད་ཀྱི་ཆ་འཕྲིན་གསར་ཁང་གི་འགན་འཛིན་ཡེ་ཤེས་ཆོས་བཟང་གཉིས་གཙོས་དྷ་ས་ཁུལ་གྱི་གསར་འགོད་པ་དང་། འདི་ག་གསར་ཁང་གི་ལས་བྱེད་སོགས་ཁྱོན་མི་གྲངས་བཅོ་ལྔ་ལྷག་འཛོམས་འདུག

དེ་བཞིན་མཛད་སྒོའི་ཐོག་མར་<<སྨྱུག་ཐོགས་བོད་མོ།>>ཞེས་པའི་དཔེ་དེབ་རྩོམ་སྒྲིག་པ་མཁན་ཆོས་ཉིད་བཟང་པོ་ལགས་ཀྱིས་དཔེ་དེབ་དེ་ངོ་སྤྲོད་གནང་དོན། ད་ལོའི་དེབ་འདིའི་ནང་རྩོམ་རིག་དང་འབྲེལ་བའི་བུད་མེད་བོད་ཡིག་ཐོག་རྩོམ་འབྲི་བ་དང་རྩོམ་ཡིག་དཔེ་དེབ་ཀློག་པ་པོ་ ༣༣ ལ་བཅར་འདྲི་བྱས་ཡོད་ཅིང་། དེབ་འདིའི་ནང་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་དང་དེང་རབས་རྩོམ་རིག དེ་བཞིན་གཞིས་བྱེས་གཉིས་ཀྱི་རྩོམ་རིག་གླེང་སློང་ཐུབ་པ་སོགས་ཀྱི་ཁྱད་ཆོས་ཚང་ཡོད་པ་དང་། དཔེ་དེབ་འདིའི་ནང་ལན་འདེབས་བྱེད་མཁན་གྱི་བུད་མེད་ཚོར་མཚོན་ན། ལས་རིགས་སྣ་ཚོགས་ལ་ཞུགས་ཡོད་མཁན་རྩོམ་པ་པོ་དང་རྩོམ་རིག་ཞིབ་འཇུག་པ། གསར་འགོད་པ། པེན་རྩོམ་པ་པོའི་ཚོགས་མི་ཡིན་པ་དང་མཐོ་རིམ་སློབ་གྲྭ་འགྲིམ་བཞིན་པ་བཅས་ཡོད་འདུག

ཡང་<<སྨྱུག་ཐོགས་བོད་མོ།>>ཞེས་པའི་དེབ་དེར་རྩ་དོན་གསུམ་གྱི་དམིགས་ཚད་བཟུང་སྐོར་ལ། སྒེར་དེབ་ཅན་དང་སྒེར་དེབ་མེད་ཀྱང་རྩོམ་འབྲི་བཞིན་པ། ཀློག་པ་པོ་བཅས་ཀྱི་མྱོང་རོལ་ཚུད་ཐབས་བྱས་ཡོད། གཉིས་པ་དེ་བཙན་བྱོལ་ནས་གཞིས་བྱེས་གཉིསཀྱི་བུད་མེད་བརྩམས་ཆོས་ལ་གུ་ཡངས་པའི་ལྟ་ཚུལ་འདོན་པར་རེ་བ་བརྒྱབ་ཡོད། གསུམ་པ་སོ་སོ་རང་ཉིད་ཀྱི་འབྲི་རྩལ་གསལ་སྟོན་ཡོང་ཆེད་དྲིས་ལན་དག་ཡི་གེའི་ལམ་ནས་དྲིས་ལན་འདེབས་བཅུག་ཡོད་འདུག

དེ་རྗེས་སྐུ་མགྲོན་གཙོ་བོས་<<སྨྱུག་ཐོགས་བོད་མོ།>>ཞེས་པའི་དཔེ་དེབ་དབུ་འབྱེད་དང་འབྲེལ་ཁོང་གིས། དཔེ་དེབ་དཔར་སྐྲུན་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་ལྷག་པར་དུ་བཙན་བྱོལ་ནང་དུ་སྤྱི་ཚོགས་དང་འབྲེལ་བའི་དཔེ་དེབ་རིགས་ཧ་ཅང་དཀོན་པོ་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་དེ་རིང་གི་དཔེ་དེབ་འདིར་མཚོན་ན། རྩོམ་པ་པོ་དང་རྩོམ་སྒྲིག་པ། འབྲེལ་ཡོད་ལས་བྱེད་དང་དཔར་སྐྲུན་གནང་མཁན་སོགས་ཀྱིས་དཔེ་དེབ་འདི་ལྟ་བུ་ཞིག་དཔར་སྐྲུན་བྱས་པ་དེར་བསྔགས་བརྗོད་ཡོད་། ང་ཚོ་བོད་པའི་སྤྱི་ཚོགས་ནང་དཔེ་དེབ་དབུ་འབྱེད་གནང་བསྡད་པ་མང་པོ་མཇལ་མྱོང་མོད། སྔོན་ཆད་དཔེ་དེབ་དབུ་འབྱེད་བྱེད་སྟངས་ཁ་ཤས་ཅུང་ཙམ་གཞན་དང་མི་འདྲ་བ་དེ་འདྲ་བྱུང་སོང་། དེ་མ་གཏོགས་ང་ཚོ་བོད་མིའི་སྤྱི་ཚོགས་ནང་དཔེ་དེབ་དཔར་སྐྲུན་མཛད་སྒོ་སོགས་ལ་ཕྱིའི་དཔེ་དེབ་མཛད་སྒོའི་ལེགས་ཆ་དེ་འདྲ་ལེན་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།