19
Fri, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༢༢ ཉིན་སྤེལ། ཆོས་ལུགས་འདྲ་མིན་དེ་དག་ལ་མི་བཟང་པོ་བཟོ་རྒྱུའི་ནུས་པ་ཡོད། ཆོས་ལུགས་ཚང་མས་བཟང་པོའི་བསླབ་བྱ་གཅིག་མཚུངས་ལམ་སྟོན་བྱེད་བཞིན་ཡོད།

འདི་ཟླའི་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་རྒྱ་རིགས་དད་ལྡན་པ་གཙོ་བོར་གྱུར་བའི་ཆོས་ཞུ་བ་ཁྲི་ལྔ་ཙམ་ལ་རྡོ་རྗེ་གཅོད་པའི་ཆོས་འབྲེལ་མཛད་སྐབས་རྒྱ་རིགས་ནང་པ་ཚོར་དམིགས་ནས་བཀའ་སློབ་སྩལ་གནང་འདུག

དེ་ཡང་། རིན་པོ་ཆེ་མཆོིག་གིས་རྒྱ་རིགས་ནང་པ་ཚོར་དམིགས་ནས་བཀའ་སློབ་སྩལ་དོན།
ཁ་སང་ཆོས་འབྲེལ་དང་པོ་དེ་རྒྱ་གར་སློབ་ཕྲུག་དང་། རྒྱ་གར་ནང་ཆོས་ལ་དོན་གཉེར་བ་རྣམས་ལ་བཀའ་ཆོས་འགོ་བཙུགས་པ་རེད། རྒྱ་གར་ནང་ཆོས་ཀྱི་འབྱུང་ཁུངས་རེད། བཅོམ་ལྡན་འདས་ནི་རྒྱ་གར་བ་ཞིག་རེད། ལྷག་པར་ཀླུ་སྒྲུབ་ཡབ་སྲས་རྒྱ་གར་བ་རེད། སྔ་མོ་ཡིན་ན་དཔལ་ནཱ་ལེནྡཱ་དར་ཁྱབ་ཆེན་པོ་བྱུང་ཡོད། སྤྱིར་སངས་རྒྱས་པའི་ཆོས་དང་དེའི་ནང་ནས་ནཱ་ལེནྡཱའི་ཆོས་བརྒྱུད་དོན་གྱི་འཕགས་པ་ཀླུ་སྒྲུབ་ཞེས་ཤེས་རབ་སྙིང་པོ་འདོན་མཁན་རྣམས་ནས་གཙུག་ཏུ་བཀུར་རྒྱུ་ཆགས་ཀྱི་ཡོད།

པཱ་ལིའི་ཆོས་བརྒྱུད་དེ་ཤྲི་ལངྐ་དང་། Sri Lanka འབར་མ། Burma ཐའེ་ལེནཌ། Thailand ཀེམ་བོ་ཌི་ཡ། Cambodia བཅས་ཀྱི་ནང་དར་ཁྱབ་ཆེན་པོ་བྱུང་ཡོད། དུས་ད་ལྟ་ཡིན་ཡང་འདུལ་བའི་ཉམས་ལེན་རྨང་གཞིའི་ཐོག་ནས་པཱ་ལི་སྡེ་སྣོད་གསུམ་གྱི་ཆོས་བརྒྱུད་དེ་ཡག་ཐག་གཅོད་རེད་འདུག ལེགས་སྦྱར་གྱི་ཆོས་བརྒྱུད་ཐོག་མར་རྒྱ་ནག་ནས་དར་བ་རེད། བོད་ལ་ནང་ཆོས་མ་དར་གོང་རྒྱ་ནག་ཏུ་ནང་ཆོས་དར་ཟིན་པ་རེད། རྒྱ་ནག་ནི་ནང་ཆོས་དར་སྔ་ཤོས་ཀྱི་ས་ཁུལ་ཞིག་ཆགས་ཡོད།  རྒྱ་མི་རིགས་ས་གནས་འདྲ་མིན་ནང་ཡོད་པ་རྣམས་འཚོ་བ་སྐྱིད་སྡུག་ཆེན་པོ་ཡོད་པ་ནང་པའི་ལྷ་ཁང་ཡོད། རྒྱ་རིགས་མ་ལེ་ཤི་ཡ་དང་། malaysia ཨིན་དོ་ནེ་ཤི་ཡ་ indonesia རྩ་བའི་ཆོས་རིག་ཁག་ཁག་རེད། འོན་ཀྱང་ནང་པ་ཡིན། རྒྱ་མི་རིགས་ཀྱི་བསམ་བློ་ནང་རང་བཞིན་ལྷན་སྐྱེས་སུ་ནང་ཆོས་ཟེར་ཡོང་དུས་སེམས་ཐག་ཉེ་པོ་ཞིག་ཆགས་ཀྱི་ཡོད།

རྒྱ་རིགས་ཚོར་ཆ་བཞག་ན་སངས་རྒྱས་པའི་ཆོས་དེ་ཕ་མེས་ནས་ཡོད་པ་ཞིག་རེད། ཕྱི་ལོ་ ༡༩༥༤ ཕྱི་ཟླ་ ༡༠ ནང་ངོས་རང་པེ་ཅིང་ནང་སླེབ་པའི་སྐབས་ལྟ་སྐོར་དུ་རྒྱ་ནག་ཞིང་ཆེན་ལ་སོགས་མངའ་སྡེ་ཁ་ཤས་སུ་སླེབས་ཡོད། བོད་ཀྱི་བླ་ཆེན་རྣམས་དང་འབྲེལ་བ་ཡོད། སྔ་མོ་འབྲེལ་བ་ཡོད་མཁན་དང་སངས་རྒྱས་པ་ཆོས་བྱེད་མཁན་ཞིག་ཡིན། བར་སྐབས་རིགས་གནས་གསར་བརྗེ་སྐབས་ཆོས་ལུགས་ཚང་མ་ལ་རྨོངས་དད་བརྩིས་ནས་མེད་པར་བཟོ་སླད་དྲག་གནོད་ཤུགས་ཆེན་པོ་བྱས་ཡོད།

རྒྱ་ནག་ནང་དུ་ནང་པ་ཕལ་ཆེར་ས་ཡ་བཞི་བརྒྱ་ཡོད་པ་ཡོངས་གྲགས་རེད། ཁྱེད་རང་ཚོ་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད། འཛམ་གླིང་ནང་ཆོས་ལུགས་གཙོ་ཆེ་བ་ཚང་མ་རྒྱ་གར་ནང་ཡོད་པ་ཞིག་རེད། རྒྱ་གར་ནང་མི་འབོར་དུང་ཕྱུར་ ༡༢ ཡོད། དེའི་ཆབ་སྲིད་དགོས་མཁོ་ལ་བརྟེན་ནས་ཆོས་ལུགས་མཐུན་སྒྲིལ་ཡོང་བ་ཞིག་མིན། ལོ་རྒྱུས་ལ་བརྟེན་ནས་ཡོད་པ་ཞིག་ཡིན། རྒྱ་ནག་ཏུ་ཕ་མེས་ནས་ནང་ཆོས་དར། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་ཕ་རན་སིའི་རྒྱལ་ས་པེ་རི་སིར་   Paris ལ་ཡོད་སྐབས་ནང་ཆོས་དེ་རྒྱ་ནག་གི་རིག་གཞུང་གལ་ཆེན་པོ་ཞིག་ཡིན། ཞེས་བཤད་ཡོད་པ་མ་ཟད་ཕྱིས་སུ་ཁོང་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་སྐབས་ནང་ཆོས་དེ་གལ་ཆེན་པོ་ཡིན་སྐོར་སླར་ཡང་གསུངས་ཡོད།

མི་རིགས་གང་འདྲ་ཞིག་ཡིན་རུང་སོ་སོའི་ཕ་མེས་ནས་དར་བའི་ཆོས་བརྒྱུད་དེ་བདག་གཉེར་བྱ་རྒྱུ་མི་རིགས་དེ་དང་འབྲེལ་བ་ཧ་ཅང་ཡོད། མི་རིགས་ཡོད་སའི་ས་ཆའི་བབ་དང་། ཁོར་ཡུག་གི་གནས་སྟངས། སྟོབས་འབྱོར་གྱི་གནས་སྟངས་ཁྱོན་ཡོངས་ནས་རིག་གཞུང་དར་རྒྱས་བྱུང་ཡོད། ལོ་རྒྱུས་ཀྱི་ཐོག་ནས་ཆོས་ལུགས་དང་རིག་གཞུང་ལ་དོ་སྣང་བྱ་རྒྱུ་འོས་པ་དང་གལ་ཆེན་པོ་རེད། ངོས་རང་ནང་པའི་དགེ་སློང་ཞིག་ཡིན། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་བཀུར་བྱེད་ཀྱི་ཡོད། གུས་བཀུར་བྱ་དགོས་པའི་རྒྱུ་མཚན་ནི་ཆོས་ལུགས་དེ་དག་གི་རྗེས་འབྲང་པ་ཚོས་བསམ་པ་རྣམ་དག་ཐོག་ཆོས་ཉམས་ལེན་བྱས་ནས་མི་ཡག་པོ་དེ་འདྲ་ཡོང་ཐུབ་བཞིན་ཡོད། ཆོས་ལུགས་འདྲ་མིན་དེ་དག་ལ་མི་བཟང་པོ་བཟོ་རྒྱུའི་ནུས་པ་ཡོད། ཆོས་ལུགས་ཚང་མས་བཟང་པོའི་བསླབ་བྱ་གཅིག་མཚུངས་ལམ་སྟོན་བྱེད་བཞིན་ཡོད། འོན་ཀྱང་དེ་སོ་སོས་ཉམས་ལེན་བྱེད་མིན་དང་ལག་ལེན་བསྟར་མིན་ལ་རག་ལུས་ཡོད། ངོས་ཀྱིས་ནང་ཆོས་ཡག་པོ་རེད་ཅེས་བརྗོད་ཀྱི་མེད།

ཆོས་བཟང་ངན་དེ་གང་ཟག་སོ་སོའི་བློ་དང་མོས་པ། ཁམས་རན་པ་བྱུང་ན་ཡག་ཤོས་རེད། དཔེར་ན་སྨན་ལྟ་བུ་ཡིན། སོ་སོའི་ཕ་མེས་ནས་དར་བའི་ཆོས་དེ་བདག་གཉེར་བྱ་རྒྱུ་གལ་ཆེན་པོ་རེད། ཆོས་ལུགས་མི་འདྲ་བ་སོ་སོར་ལྟ་གྲུབ་མི་འདྲ་བ་ཡོད། ཆོས་ལུགས་ཕལ་མོ་ཆེས་འཇིག་བརྟེན་བཀོད་པ་པོ་འདོད་ཀྱི་ཡོད། དཀོན་མཆོག་བརྩེ་བའི་བདག་ཉིད་ཡིན་པ་དང་། གྲངས་ཅན་ལྷ་མེད་སྨྲ་བ་དང་གཅེར་བུ་བ། སངས་རྒྱས་པ་བཅས་དེ་གསུམ་གྱིས་འཇིག་བརྟེན་བཀོད་པ་པོ་འདོད་ཀྱི་མེད། རྒྱུ་མཚན་ནི་སྲོག་ལ་ཐོག་མེད་པར་བརྟེན་འཇིག་བརྟེན་བཀོད་པ་པོ་འདོད་ཀྱི་མེད། ལྟ་གྲུབ་ཐོག་ནས་མི་འདྲ་བ་ཡོད། གང་ཟག་རིགས་འགའ་ཤས་ལ་ལྟ་ཡོང་སྐབས་འཇིག་བརྟེན་བཀོད་པ་པོ་རན་པ་ཡོད། དོན་སྙིང་པོར་ཆོས་ལུགས་ཚང་མས་བྱམས་བརྩེ་དགོས་པ་དང་།  དེ་ཙམ་གྱིས་མི་ཆོག་པར་བྱམས་བརྩེ་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེ་པོ་ཡིན། ཆོས་ཁས་ལེན་རུང་མི་ལེན་རུང་བྱམས་བརྩེ་དོགས་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།།