19
Fri, Apr

བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༠༣ཉིན་སྤེལ། “བོད་མི་སྐྱབས་བཅོལ་བ་ཁྲི་བརྒྱད་ཡས་མས་ཤིག་རྒྱ་གར་དུ་འབྱོར་བ་དེ་ཚོས་འཚོ་ཐབས་དང་རང་རང་གི་མི་ཚེའི་མདུན་ལམ་གཉིས་ཀའི་ཐོག་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཡོད།”ཅེས་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་འདུག

འདི་ཟླའི་ཕྱི་ཚེས་༠༢ཉིན་གྱི་སྔ་དྲོར། ཝཱ་ཎ་གཙུག་ལག་སློབ་གྲྭའི་དཔལ་ཨ་ཏི་ཤའི་ཚོགས་ཁང་དུ་ལྔ་བཅུའི་དུས་སྟོན་དུ་མཉམ་ཞུགས་གནང་མཁན་སློབ་ཟུར་རྣམས་ལ་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་བཤད་གནང་བ་ལས།
“སཱར་ནཱཐ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་མཆོག བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག  ངའི་ཕྱག་སྦྲེལ་བཀའ་ཟུར་སྐུ་ངོ་ཐུབ་བསྟན་ལུང་རིག  བཀའ་ཟུར་ལས་ལྷག་པ་ཚོགས་ཟུར་ཡང་རེད།  དེ་བཞིན་སློབ་ཁང་འདིའི་སློབ་དཔོན་ལས་ཐོག་པ་དང་སློབ་དཔོན་ཟུར་པ།  རྒྱལ་ཁབ་ ༡༢ ཙམ་ནས་དེ་སྔ་ཝཱ་རཱ་ཎ་སིར་སློབ་སྦྱོང་གནང་མྱོང་མཁན་དེ་རིང་ཆེད་མངགས་དོན་གཉེར་ཆེན་པོ་བྱས་ནས་འདིར་ ༥༠ དུས་དྲན་ཐོག་འདུ་འཛོམས་གནང་ཡོད།

དེ་དང་ཆབས་གཅིག་ཧི་མཱ་ལ་ཡི་རི་རྒྱུད་དང་རྒྱ་གར་གྱི་མི་མང་པོ་ཞིག་འཛོམས་སྐབས་དང་བསྟུན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་མཐུན་ཚོགས་ཀྱིས་སྤྲུལ་སྐུ་སྐུ་ན་གཞོན་པ་དེ་ཚོས་གསུང་ཆོས་ཞུ་རྒྱུ་དང་ཆབས་ཅིག་རྡོ་རྗེ་གདན་དུ་ཕེབས་རྒྱུ་ཡིན། ང་ཚོ་མཉམ་དུ་ཉིན་ཤས་བསྡད་ནས་གཞུང་གི་སྐོར་དང་གནས་ཚུལ་རེ་ཟུང་ཐོག་ལ་གོ་བསྡུར་བྱས་ན་ཞེས་ལས་གཞི་དེ་གཏན་འཁེལ་ཡོད།

དེ་རིང་འདིར་བསླེབས་ནས་དགའ་པོ་དང་བློ་འདོད་ཚིམ་པོ་བྱུང་། སློབ་ཟུར་མང་པོ་ཞིག་ཐག་རིང་པོ་ནས་བསླེབས་འདུག བྱང་སྒྲ་མི་སྙན་ནས་བསླེབས་མཁན་མང་པོ་འདུག  ནམ་ཕྱེད་ཉི་མ་ནུབ་པ་དང༌། །ཉི་མ་ཕྱེད་དང་འཆར་དུས་གཅིག ཅེས་མཛོད་ནས་གསུང་པ་ལྟར་བྱས་ན་ཁེ་ན་ཌ་དང་ཨ་རི་དེ་དག་བྱང་སྒྲ་མི་སྙན་ལྟ་བུ་རེད། འོན་ཀྱང་སྒྲ་མི་སྙན་པ་ལོ་སྟོང་ཕྲག་ཟེར་བ་དེ་འདྲ་ཡིན་མིན་མི་ཤེས།
རང་རང་སོ་སོའི་ཐོག་མར་གསན་སྦྱོང་གནང་སའི་ཆོས་སྡེ་དང་སློབ་གྲྭ་ཁག་ལ་རྗེས་དྲན་ལྟ་བུ་གནང་ནས་དེ་རིང་ལོ་ ༥༠ འཁོར་བའི་དུས་སྟོན་དང་སྟབས་བསྟུན་མང་པོ་ཕེབས་ཐུབ་པ་འདི་ཧ་ཅང་ཡག་པོ་རེད། ཕྱོགས་གཅིག་ནས་ལྷན་རྒྱས་ཚོ་ལོ་མང་རིང་མཇལ་འཕྲད་བྱུང་ཡོད་ཀྱི་མ་རེད་བསམ་བཞིན་འདུག དེར་བརྟེན་གྲོགས་པོ་རྙིང་པ་དེ་དག་ཡང་སྐྱར་མཇལ་འཛོམས་གནང་ཡག་འདིར་ཨིན་སྐད་ནང་  reunion ཞེས་བརྗོད། དེ་དང་ཆབས་ཅིག་གསན་བསམ་གནང་བཞིན་པའི་སློབ་ཕྲུག་རྣམས་ལའང་བློ་སྤོབས་སྐྱེ་རྒྱུ་དང་། སེམས་ཤུགས་སྤར་རྒྱུ་ལྟ་བུ་ཡོང་རྒྱུ་རེད། སྤྱིར་བཏང་ཁྱེད་རང་ཚོས་སློབ་གྲྭ་ཐོན་པའི་རྗེས་ལའང་གཙུག་ལག་སློབ་ཁང་འདིའི་སྣོད་བཅུད་གང་གི་ཐད་ནས་ཡར་རྒྱས་དང་གསར་གཏོད་ཇི་སྙེད་བྱུང་པ་དེ་དག་ཀྱང་གཅིག་གཟིགས་ཡོང་སྐབས་ཏན་ཏན་དོན་དང་ལྡན་པ་དང་ཕན་ཐོགས་ཡོད་པ་ཆགས་ཡོད་རེད་བསམ་དྲན་བཞིན་འདུག

ང་ཚོ་ལོ་མང་པོ་མ་མཇལ་བར་དེ་རིང་མཇལ་སྐབས་བགྲེས་སོང་ཆགས་ནས་ཞལ་མ་ཚོར་བ་དེ་འདྲའང་འགའ་ཤས་བྱུང་། སྔ་མོ་སྐམ་པོ་དེ་ཚོ་རྒྱག་རིལ་རིལ་ཆགས་འདུག སྔོན་མ་རྒྱགས་པ་དེ་ཚོ་སྐམ་པོ་ཆགས་འདུག  སྔ་མོ་སྐྲ་ནག་པོ་དེ་ཚོ་དཀར་པོ་ཆགས་འདུག འགའ་ཤས་དཀར་པོ་བྱུག་མཁན་དེ་འདྲ་ཡོད་མདོག་ཁ་པོ་རེད།

༡༩༥༩ ལོར་བོད་མི་སྐྱབས་བཅོལ་བ་ཁྲི་བརྒྱད་ཡས་མས་ཤིག་རྒྱ་གར་དུ་འབྱོར་བ་རེད། དེ་ཚོས་རྒྱ་གར་ནང་དུ་འཚོ་ཐབས་དང་རང་རང་གི་མི་ཚེའི་མདུན་ལམ་གཉིས་ཀའི་ཐོག་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཡོད། ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོས་ཟུར་ཙམ་བཀའ་སྩལ་བ་ལྟར་རེད། འབྲུག་ཡུལ་བརྒྱུད་ནས་ཡོང་མཁན་གྱི་བོད་མི་སྐྱབས་བཅོལ་བ་ཚང་མ་བྷེང་གཱལ་གྱི་སྦག་ས་ཌོར་ཞེས་པ་དེར་བསགས་ནས་བཞག་ཡོད། མོན་བརྒྱུད་ནས་ཡོང་མཁན་ཚང་མ་ཨཱ་སམ་ Assam གྱི་ཏེ་ཇི་པུར་ Tezpur རྫོང་གི་མི་ས་མ་རི་ Missamariཞེས་པ་དེར་བསགས་ནས་ཐོག་མར་སྐྱབས་བཅོལ་བ་གསོག་སའི་ས་གནས་གཉིས་བྱས། དེའི་ནང་ནས་ལོ་གཞོན་པའམ་ལོ་ ༢༠ ཙ་གྲངས་མན་ཆས་བྱས་པ་དེ་ཚོ་གྲས་སློབ་གྲྭ་ཁག་ལ་གཏོང་རྒྱུའི་འཆར་གཞི་དར་བབ་དེ་ཚོ་རང་རང་སོ་སོའི་འཚོ་ཐབས་ཀྱི་མདུན་ལམ་གཞིས་ཆགས་ཁག་སྐབས་དེར་གཞི་ནས་འགོ་འཛུགས་རྒྱུ་ཡིན་སྟབས་མང་ཆེ་བ་ལམ་བཟོར་བཏང་གནང་བ་རེད། རྒན་འཁོགས་ནད་གཅོང་དེ་དག་རྒན་གསོ་ཁང་དང་སྨན་བཅོས་སོགས་གནང་ཡོད།

དེའི་ནང་ནས་རིས་སུ་མ་ཕྱེ་བའི་ཆོས་བརྒྱུད་ཁག་ནས་བཤད་གྲྭ་གདན་ས་ཁག་གི་ནང་སློབ་གཉེར་གནང་བཞིན་པ་དེ་དག་ལམ་བཟོ་དེ་འདྲར་འགྲོ་མི་དགོས་པར་སློབ་གཉེར་མུ་མཐུད་ནས་གནང་ཡག་ཞིག་བྱུང་ན་དགོངས་པ་དེ་༸རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་ནང་ལའང་ཡོད་པ་ཞིག་རེད། ས་གནས་སོ་སོར་འབྱོར་ཟིན་པའི་སློབ་གཉེར་བ་དེ་ཚོའི་སྙན་ཞུ་ཕུལ་བ་དེ་འདྲ་བྱས་ནས་ཐོག་མ་སློབ་གཉེར་བ་ ༥༠༠ ཙམ་བྱས། དེ་ནས་ ༡༥༠༠ སྤར་ནས་དེ་དག་མུ་མཐུད་ནས་སྦག་སར་བཞུགས་ནས་མི་ས་མ་རིར་ཡོད་མཁན་ཚོ་སྦག་སར་ཟླ་སྒྲིལ་བཏང་། ཡང་དེའི་ཆ་ཤས་སུ་ཌལ་ཧོར་དུ་སྤོས་པ་དེ་འདྲ་རེད།  སྐབས་དེར་འཕྲལ་སེལ་གྱི་གནས་བབ་དེ་འདྲ་ཞིག་བྱུང་བ་རེད།” ཡོད་པ་བཅས།།