19
Fri, Apr

༧གོང་ས་མཆོག་གིས་སེ་ར་ཐེག་ཆེན་ཆོས་གླིང་ཚོགས་ཆེན་ནང་ཕེབས་སྟོན་མཛད་སྒོའི་སྐབས་བཀའ་སློབ་སྩལ་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༩ རེས་གཟའ་མིག་དམར་ཉིན་གྱི་ཉིན་གུང་ཆུ་ཚོད་   ༡།༤༠ ཙམ་ལ་སྤྱི་ནོར་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེ་ར་བླ་སྤྱིའི་འདུ་ཁང་ནང་༸ཞབས་སོར་བདེ་བར་འཁོད་སྐབས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་།  བཀའ་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག གྲྭ་ཚང་ཁག་གི་ཕྱག་མཛོད་དང་མཁན་ལས་ཟུར་རྣམ་པ། ས་གནས་འགོ་འཛིན། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། དེ་བཞིན་དད་ལྡན་སེར་སྐྱ་མང་ཚོགས་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་ཡོད།

སྐབས་དེར་སྤྱི་ནོར་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། "དེ་རིང་འདིར་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་དངོས་གནས་དྲང་གནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པར་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་ལོ་བརྒྱ་ཕྲག་རིང་ལ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་གདན་ས་ཆེ་གྲས་སེ་ར་ཐེག་ཆེན་གླིང་ལ་འཁྱུག་ཙམ་རིང་བཅར་ཐུབ་པ་བྱུང་བ་རེད། དེ་རིང་དགེ་འདུན་བགྲེས་སོང་བ་དགུང་ལོ་བརྒྱད་ཅུ་གྱ་གྲངས་ནང་བསླེབས་པ་མང་པོ་འདུག ཁྱེད་རང་ཚོ་མཇལ་རྒྱུ་བྱུང་བ་ཧ་ཅང་དགའ་བོ་བྱུང་། དེ་བཞིན་དུ་དགེ་རྒན་ཚོ་ཡིན་ནའང་སྔོན་མ་ནས་ཧུར་ཐག་གནང་མཁན་གྱི་གྲས་རེད། དེ་རིང་འདིར་འཁྱུག་ཙམ་ཐུག་བ་ཧ་ཅང་དགའ་བོ་བྱུང་། ཁྱེད་རང་ཚོ་ཚང་མ་ལ་དམིགས་བསལ་གྱིས་འཚམས་འདྲི་ཞུ་གི་ཡོད།

ཐོག་མའི་འཆར་གཞི་ལྟར་ན་དེ་རིང་འདིར་བསྙེན་རྫོགས་སྒྲུབ་རྒྱུ་བྱས་པ་རེད། མུམ་བྷེ་ལ་ཉིན་གསུམ་རིང་གཏམ་བཤད་བྱས་པ་ཡིན། དེ་ནས་འབྲས་སྤུངས་ལ་སླེབ་དུས་དགའ་ལྡན་ལྔ་མཆོད་ཀྱི་ཉིན་མོར་འཁེལ་བ་རེད། དང་ཐོག་གི་མཛད་འཆར་གཞིར་བཟུང་བྱས་ན་སྟོང་པ་རེད། འོང་ཀྱང་ངོས་ནས་མང་ཚོགས་དང་ཐུག་ན་བསམས་པ་རེད། འབྲས་སྤུངས་ཀྱི་ཆོས་རྭ་རྒྱ་ཆེན་པོ་ཡོད་སྟབས་མི་མང་ཚོར་ཆོས་འབྲེལ་དམིགས་བསལ་མིན་པར་གཏམ་བཤད་བྱས་ན་བསམས་པ་རེད། གང་ལྟར་གཞིས་ཆགས་ཆེ་གྲས་རེད། ལོ་མང་རིང་ངོས་ལ་ཡོད་པའི་བསམ་ཚུལ་དེ་དག་བཤད་རྒྱུ་བྱུང་། ཕྱི་ཉིན་དེར་བསྙན་རྫོགས་བསྒྲུབས་པ་རེད། དེ་ནས་ཆམ་པ་བརྒྱབ་ནས་སྣ་ཆུ་ཐོན་པ་དང་གློ་བརྒྱབ་སོང་། ཆམ་པ་ལམ་སང་དྲག་སྐྱེད་མ་བྱུང་བར་མུ་མཐུད་བསྡད་པར་བརྟེན་ཐང་ཆད་སོང་།

སྤྱིར་ལོ་རེ་བཞིན་ཐང་ཆད་རྒྱུ་དེ་ཤུགས་ཆེ་རུ་འགྲོ་གི་འདུག ནམ་རྒྱུན་ལ་དྭགས་ལ་ས་མཐོ་བོ་དང་ས་སྐམ་པོ་རེད། རྡ་སར་ཆར་ཤུགས་ཆེ་དྲགས་ནས་བཞའ་ཚན་ཡོད་པར་བརྟེན་ལ་དྭགས་ས་སྐམ་པོ་ཡིན་སྟབས་འཕྲོད་པོ་ཡོང་གི་ཡོད། དེ་སྔོན་ལ་དྭགས་ལ་ཡོད་དུས་འཕྲོད་པོ་མ་བྱུང་། ཕར་ཚུར་འགྲོ་དུས་ཐང་ཆད་ཡོང་གི་འདུག དེར་བརྟེན་ཉི་མ་ཁ་ཤས་ངལ་གསོ་བརྒྱབ་པ་ཡིན། ད་ལྟ་ལུད་པ་ཅུང་ཙམ་ཡོང་གི་འདུག་མ་གཏོགས་ཆམ་པ་དྲག་སྐྱེད་བྱུང་འདུག ཐང་ཆད་པ་དེ་ཡང་གསོས་འདུག ཁས་ཉིན་སྔ་དྲོ་དགའ་ལྡན་ནས་མི་མང་ལ་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་བྱས་པ་རེད། ཐོག་མའི་འཆར་གཞི་ལྟར་ན་ཆུ་ཚོད་གཅིག་རིང་རེད། དེ་ཉིན་ཐང་ཆད་མ་སོང་། མཇུག་ཏུ་ཆུ་ཚོད་ལྟ་དུས་ཆུ་ཚོད་ཧ་ལམ་གསུམ་ཙམ་ཕྱིན་འདུག   སྐྱོན་གང་ཡང་མ་བྱུང་།

ཁ་སང་མོ་ཊ་ནང་ཐོན་ཏེ་དེ་རིང་འདིར་འབྱོར་བ་རེད། བསྙན་རྫོགས་སྒྲུབ་མི་དགོས་པ་བྱོས། དེའི་ཚབ་ལ་མང་ཚོགས་ལ་ཆོས་འབྲེལ་གྱི་སྒོ་ནས་རྟ་མགྲིན་གྱི་དབང་གནང་ན་བསམས་པ་རེད།  དེ་ལ་དམིགས་བསལ་གྱི་ཁས་ལེན་གང་ཡང་མི་དགོས། ངོས་ཀྱི་ངོ་ཤེས་པ་དེ་འདྲ་ཡང་ཕལ་ཆེར་ཁ་ཤས་ཡོང་གི་རེད། གནངས་ཉིན་སེ་ར་སྨད་ལ་ཆོས་ར་གསར་པ་དབུ་འབྱེད་བྱེད་རྒྱུ་བྱས་པ་ཡིན། དེ་དང་མཉམ་དུ་རྟེན་འབྲེལ་བསྟོད་པའི་ཞལ་ལུང་གནང་རྒྱུ་བྱས་པ་ཡིན། ངོས་རང་མགྱོགས་པོ་གཟུགས་པོ་ཡར་ལས་སླ་བོ་བྱས་ནས་གསོས་པ་དང་ཐང་མ་ཆད་པའི་ཆ་རྐྱེན་གཙོ་བོ་དེ་གཉིད་རེད་འདུག ངོས་རང་གི་གཉིད་དེ་སྣང་དག་མེད། དུས་རྒྱུན་ཆུ་ཚོད་དགུ་དང་བཅུ་གཉིད་ཉལ་གྱི་ཡོད། མདང་དགོང་ངོས་རང་ཆུ་ཚོད་བཅུ་རིང་རྦད་དེ་གཉིད་ཁུག་འདུག ཞོགས་པ་ཆུ་ཚོད་ ༤ ཙམ་ལ་ཡར་ལང་གི་ཡོད། དགོང་མོ་ཆུ་ཚོད་ལྔ་བ་དྲུག་པ་ནས་གཉིད་ཁུག་འགྲོ་གི་འདུག སྔ་མོ་སྟག་བྲག་རིན་པོ་ཆེ་སྐྱབས་སུ་མཆི་དགུང་ལོ་བདུན་ཅུ་དོན་གྲངས་རེད། གཉིད་མ་ཁུག་པའི་སྐུ་ངལ་ཧ་ཅང་ཡོང་གི་འདུག ངོས་རང་ལ་གཉིད་མ་ཁུག་པའི་སེམས་ཁྲལ་ཁྱོན་ནས་མེད། དེ་ཁེ་སང་ཞིག་རེད། གཉིད་ཆུ་ཚོད་དགུ་དང་བཅུ་ཉལ་ནས་གླ་ཆ་སྤྲོད་དགོས་པ་མིན་འདུག་ལ་འགྲོ་སོང་འཕར་མ་སྤྲོད་དགོས་པའང་མི་འདུག གཉིད་སྐྱིད་པོ་ཁུག་གི་འདུག

ཁ་རྩང་ཁས་ཉིན་དགའ་ལྡན་ལ་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་སྐབས་དགེ་འདུན་པ་དང་མང་ཚོགས་མང་བོ་ཞིག་བསླེབས་འདུག ངོས་ཀྱིས་དགེ་འདུན་པ་དང་མང་ཚོགས་རྣམས་ལ་བློ་བདེ་བོ་བྱས་ནས་བཞུགས་རོགས་ཞུས་པ་ཡིན། ད་ལྟ་ལོ་རྒན་བརྒྱད་ཅུ་གྱ་གསུམ་ལ་སླེབ་ཡོད་ཀྱང་གཟུགས་པོ་བདེ་ཐང་ངང་ཡིན་སྐྱོན་ཁྱོན་ནས་མི་འདུག་ཅེས་ཞུ་རྒྱུ་ཡིན། ཚང་མ་བློ་བདེ་བོ་བྱས་ནས་བཞུགས་རོགས། བར་སྐབས་ངོས་ཀྱིས་འབད་བརྩོན་བྱེད་རྒྱུའི་དོན་ཚན་བཞི་པ་རྒྱ་གར་ནང་དུ་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་བསྐྱར་གསོ་བྱེད་རྒྱུའི་སྐོར་ཡིན། ངོས་རང་གི་མཉམ་མྱོང་ཐོག་ནས་མི་འདྲ་མིན་ཐུག་ནས་ངོས་ཀྱི་བསམ་ཚུལ་བཤད་དུས་མི་མང་བོ་ཞིག་གིས་བློ་ལ་འབབ་པོ་དང་དགའ་བོ་བྱེད་ཀྱི་འདུག ངོས་ཀྱིས་བཤད་པ་དེ་དག་ཚང་མ་པཎ་གྲུབ་བཅུ་བདུན་གྱི་གཞུང་ལས་མར་ཡོང་བ་ཤ་སྟག་རེད། སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ནང་ཆོས་ཀྱི་གཞུང་ནས་གསུངས་པའི་རང་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཡོན་ཏན་དེ་དག་གིས་མི་མང་པར་ཕན་གྱི་ཡོད་པའི་བཟོ་འདྲ་ཞིག་འདུག རྒྱ་གར་ལ་མི་མང་བོ་ཞིག་གིས་དོ་སྣང་བྱེད་ཀྱི་འདུག དེ་ངོས་རང་གཅིག་པོའི་ལས་འགན་མ་རེད། སློབ་གཉེར་ཡོད་བསྡད་པའི་ཁྱེད་རང་ཚོས་རྒྱ་གར་ནང་ལ་རིམ་པས་ཤེས་ཡོན་ཐོག་ལ་ཞབས་འདེགས་ཏན་ཏན་སྒྲུབ་ཐུབ་པ་ཞིག་ཡོང་གི་རེད། རིམ་པའི་ང་ཚོས་འཆར་གཞི་བཟོ་དགོས། སེར་ར་བྱེས་ནས་གྲྭ་བ་ཁག་གཅིག་ལོ་ཤས་གོང་ནས་ཏུང་ཀུར་གཙུག་ལག་སློབ་གྲྭར་ཕྱིན་པ་རེད། ཏུང་ཀུར་གཙུག་ལག་སློབ་གྲྭ་ནས་ཚུར་གྲྭ་སར་སློབ་ཕྲུག་ཡོང་ན་ཡག་པོ་ཡོད། རིམ་པས་བཀྲ་ཤིས་ལྷུན་པོའི་དགོན་པ་དང་། རྣམ་གྲོལ་གླིང་། དགའ་ལྡན། འབྲས་སྤུངས་སོགས་ནས་དེ་ལྟར་བྱས་ཐུབ་ན་ཡག་པོ་ཡོད་པ་རེད། མདོ་དོན་སྙིང་བོ་དེ་ཆོས་རྒྱལ་ཁྲི་སྲོང་ལྡིའུ་བཙན་གྱིས་མཁན་ཆེན་ཞི་འཚོ་བོད་ལ་གདན་དྲངས་ནས་དཔལ་ནལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་རིགས་པའི་ལམ་ནས་ཕབ་པ་དེ་ང་ཚོར་བརྩི་སྤྲོད་གནང་ཡོད། ད་ང་ཚོས་རྒྱ་གར་ནང་ཞབས་འདེགས་ག་རེ་སྒྲུབ་ཐུབ་ཀྱི་འདུག དེའི་སྐོར་ང་ཚོས་བསམ་བློ་གཏོང་དགོས། རྒྱ་གར་ནང་གནའ་རབས་ཀྱི་རིག་གཞུང་ཕྱུག་པོ་ཡོད་པ་དེ་བསྐྱར་གསོ་བྱ་དགོས། རྒྱ་གར་མང་གཙོའི་ལུང་པ་ཆེ་ཤོས་ཆགས་ཡོད། རྒྱ་གར་ནང་ཤུགས་རྐྱེན་བྱུང་བ་ཡིན་ན། དེ་ནས་རིམ་པས་ཨེ་ཤི་ཡ་དང་རྒྱ་ནག་ནང་ཤུགས་རྐྱེན་ཏན་ཏན་ཡོང་གི་རེད།

ཆོས་དང་མ་འབྲེལ་བའི་སེམས་ཁམས་རིག་པ་དང་ཤེས་ཡོན་རང་གི་འདུ་ཤེས་ཐོག་ནས་ཕྱིན་པ་ཡིན་ན་འཛམ་བུ་གླིང་སྤྱི་ལའང་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོང་གི་རེད། ང་ཚོས་ད་ལྟའི་བར་དུ་ཤེས་ཡོན་ཉར་ཚགས་བྱས་ཡོད་པ་དེ་འཛམ་བུ་གླིང་ལ་རྒྱ་བསྐྱེད་བྱེད་རྒྱུ་དང་། རིམ་པ་དང་པོ་དེ་རྒྱ་གར་ནང་ལ་སླར་གསོ་བྱེད་དགོས། ཚན་རིག་སྐོར་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། འབྲས་སྤུངས་བློ་གསལ་གླིང་ལ་ཚན་རིག་སློབ་གཉེར་ཁང་བརྒྱབ་ཡོད་པ་དང་འཛིན་ཁང་ལ་སོགས་ཧ་ཅང་ཡག་པོ་འདུག དཔེར་ན་སློབ་དཔོན་ལེགས་ལྡན་གྱི་གཞུང་དེ་དག་ནང་ལ་དེའི་ཚེ་དེའི་དུས་ཕྱི་ནང་གི་གྲུབ་མཐའ་ཚང་མ་གསུང་གི་ཡོད། དེའི་ཚེ་དེའི་དུས་མེད་པ་ནི་ཚན་རིག་རེད། དེ་རིག་གནས་གསར་པ་ཆགས་ཡོད། ཚན་རིག་གིས་གཙོ་བོ་མཐོང་བ་མངོན་འགྱུར་སྐོར་གསུང་གི་ཡོད། སངས་རྒྱས་པའི་གཞུང་ནས་ཀྱང་མཐོང་བ་མངོན་འགྱུར་དེ་གལ་ཆེན་པོ་རྩི་ཡི་ཡོད། དེར་བརྟེན་དེའི་ཚེ་དེའི་དུས་མེད་མཁན་དེ་དེང་དུས་རིག་གསར་ཚན་རིག་ཟེར་བ་དེ་རེད། ང་ཚོས་དེ་སྣོན་པ་རྒྱག་ཐུབ་པ་བཟོ་དགོས། ཚན་རིག་གི་ནང་ནས་མ་རྙེད་པ་དང་མེད་པར་གྱུར་བ་དེ་དག་དབྱེ་བ་འབྱེད་དགོས། ང་ཚོ་བཙན་བྱོལ་ལ་བསླེབས་ནས་ལོ་  ༥༨ ཕྱིན་པ་རེད། དེ་བཞིན་དུ་གདན་ས་ཁག་དེ་དག་བཙུགས་ནས་ལོ་འདི་འདྲ་མང་བོ་ཕྱིན་པ་རེད། ད་ང་ཚོས་གཞི་ནས་ཤེས་ཡོན་ཐོག་ནས་འཛམ་བུ་གླིང་ལ་ཞབས་འདེགས་ག་རེ་སྒྲུབ་ཀྱི་འདུག་གམ་དེའི་སྐོར་བསམ་བློ་གཏོང་དགོས།" ཞེས་སོགས་ཀྱི་བཀའ་སློབ་སྩལ།།