20
Wed, Feb
18 New Articles

བོད་མོད་སྨད་མགོ་ལོག་གཅིག་སྒྲིལ་རྫོང་ལྕམ་མདའ་དགོན་པའི་ཁྲི་པ་ཟུར་པ་བསམ་གཏན་འོད་ཟེར་ལགས།

བོད་ཀྱི་གསར་འགྱུར།
Typography

ཉེ་དུས་བོད་མོད་སྨད་མགོ་ལོག་གཅིག་སྒྲིལ་རྫོང་ལྕམ་མདའ་དགོན་པའི་ཁྲི་པ་ཟུར་པ་བསམ་གཏན་འོད་ཟེར་ལགས་ཀྱིས་རྒྱ་ནག་གཞུང་དང་ལྷན་དུ་བོད་རྒྱ་ཞི་མོལ་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མངགས་གཏོང་ཡོང་བ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཇོ་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་བསྐོ་ཡོང་བར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག

དེ་ཡང་འདི་ག་གསར་ཁང་ལ་དེ་འབྲེལ་གྱི་གནས་ཚུལ་འབྲེལ་ཡོད་མི་སྣས་ཐད་ཀར་བཏང་འབྱོར་བྱུང་བའི་བརྙན་ཐུང་མི་འདྲ་བ་ཁག་གཉིས་ཀྱི་ནང་དུ། བོད་མོད་སྨད་མགོ་ལོག་གཅིག་སྒྲིལ་རྫོང་ལྕམ་མདའ་དགོན་པའི་ཁྲི་པ་ཟུར་པ་བསམ་གཏན་འོད་ཟེར་ལགས་ཀྱིས་༢༠༡༩ལོའི་ཟླ་༡ཚེས་༡༣དང་ཚེས་༡༤ཉིན་སོ་སོར་བཀའ་མོལ་གནང་ཡོད་པ་དང༌། བརྙན་ཐུང་དམ་བུ་ཅིག་གི་ནང་དུ་ཁྲི་ཟུར་ཁོ་རམ་རང་ཉིད་ཀྱི་མཆོད་ཁང་དུ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གཉིས་བསྒྲིགས་གཤོམ་དང་བཅས་མགོན་པོ་གང་ཉིད་མཆོག་ལས་ལྷག་པའི་བཀའ་དྲིན་ཆེ་བ་དང་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་གཞན་སུ་ཡང་མེད་ཅེས་ལྷག་བསམ་དག་པོས་འགྲེལ་བརྗོད་གནང་བཞིན་ྋགོང་ས་མཆོག་གིས་དབུས་གཞིས་བྱེས་བོད་མི་ཡོངས་ལ་གནམ་ལོ་གསར་ཚེས་ལ་སྒོ་གསུམ་གུས་བཏུད་ཆེན་པོས་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་གིས་རྒྱ་ནག་གཞུང་ནས་བོད་རྒྱ་ཞི་མོལ་གྱི་སྒོ་མོ་ནམ་ཡང་ཕྱེས་ནས་ཡོད་ཅེས་དེང་སྐབས་འཛམ་གླིང་ཀུན་ལ་བསྒྲགས་དང་སྒྲོག་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་རྒྱ་ཞི་བའི་གྲོས་མོལ་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མངགས་གཏོང་གནང་རྒྱུར་རེ་བ་ཞུ་བཞིན་ཡོད་ཅེས་དང༌། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཙན་བྱོལ་བོད་མི་ཡོངས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆོས་བརྒྱུད་གཞན་ལྟར་ཇོ་ནང་གི་སྤྱི་འཐུས་གཉིས་འདི་ལོར་འདེམས་ཐོན་ཡོང་བར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག

གཞན་ཡང་ཉེ་བའི་ཆར་སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་བོད་མི་ཞིག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་ལ་མཚན་སྨད་ཞུས་པའི་སྐད་སྒྲ་ཞིག་ཡོད་པ་གོང་གི་མདོ་སྨད་མགོ་ལོག་གཅིག་སྒྲིལ་རྫོང་ལྕམ་མདའ་དགོན་པའི་ཁྲི་པ་ཟུར་པ་བསམ་གཏན་འོད་ཟེར་ལགས་ཡིན་ཚུལ་གྱིས་ཁོང་གི་པར་མཉམ་སྦྱར་གྱིས་སྤྱི་ཚོགས་བརྒྱུད་ལམ་ཁག་དེ་དག་ཏུ་ཁྱབ་ཡོད་པ་མ་ཟད། དེའི་ཐད་བོད་མི་མང་པོས་སྐྱོན་བརྗོད་དང་གླེང་སློང་ཡང་ཤུགས་ཆེན་བྱུང་དང་འབྱུང་བཞིན་པ་རེད། འོན་ཀྱང་བསམ་གཏན་འོད་ཟེར་ལགས་ཀྱིས་བརྙན་ཐུང་འདི་གཉིས་བརྒྱུད་སྐད་ཆ་དེ་འདྲ་ཤོད་མཁན་ཁོང་རང་མིན་པ་དང་ཁོང་ནི་ྋགོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་མཁན་ཞིག་ཡིན་པར་གསལ་བཤད་གནང་ཡོད་པ་རེད།།

གསར་འགོད་པ་བསྟན་འཛོན་ནོར་རྒྱས།

གསལ་བསྒྲགས་ཀྱི་ས་མིག