20
Thu, Jun
19 New Articles

༢༠༡༨ལོའི་ཟླ་༡༢ཚེས་༢༨ཉིན་ཀུན་གཟིགས་༸པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་བོད་ཕྱི་ནང་གཉིས་ནས་རྗེས་དྲན་ཞུ་བཞིན་འདུག

བོད་ཀྱི་གསར་འགྱུར།
Typography

༢༠༡༨ལོ་ཟླ་༡༢ཚེས་༢༨ཉིན། ཀུན་གཟིགས་༸པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་ལོ་ངོ་༣༠འཁོར་བའི་རྗེས་དྲན་ཉིན་མོར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཀྱིས་རང་གི་སྐད་འཕྲིན་དང་ཚོགས་པ། དེ་བཞིན་ངོ་དེབ་བཅས་སུ་༸པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་གསུང་འཕྲིན་འགྲེམས་སྤེལ་དང་རྗེས་དྲན་སྙན་ཚིག་བྲིས་ནས་སྤེལ་བ་སོགས་ཀྱིས་རྗེས་དྲན་ཉིན་མོ་སྲུང་བརྩི་ཞུ་བཞིན་འདུག

བོད་ནས་བོད་མི་ཞིག་གིས་དེ་རིང་ནི་བོད་འབངས་ཡོངས་ལ་ཆེས་བཀའ་དྲིན་འགྲན་ཟླ་བྲལ་བའི་༼འགྲོ་བ་མགོན་པོ་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་༽དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་ལོ་ངོ་༣༠འཁོར་བའི་རྗེས་དྲན་དུས་མཆོད་དགེའོ། ཞེས་རང་གི་སྐད་འཕྲིན་དུ་བྲིས་ནས་ཀུན་གཟིགས༸པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་གསུང་འཕྲིན་རྣམས་བཞག་འདུག

གཞན་ཡང་། བྱེས་ནས་བོད་མི་ཞིག་གིས་༼མི་རིགས་ཀྱི་ཆེད་དུ་སྐྱེས་ཤིང་མི་རིགས་ཀྱི་ཆེད་དུ་འདས་སོང་བའི་ལོ་རྒྱུས་ཀྱི་མི་བོ་ཆེར་རྗེས་དྲན་ཞུ༽ཞེས་བྲིས་ཡོད་པར་མ་ཟད། ད་དུང་། ༼རྗེས་དྲན་སྙིང་གི་ན་ཟུག༽་ཅེས་པའི་ཚིག་བཅད་ཅིག་ཀྱང་བྲིས་འདུག རྗེས་དྲན་སྙིང་གི་ན་ཟུག་ཅེས་པའི་རྗེས་དྲན་ཚིག་བཅད་དེ་ནི་ཨ་མྱེས་སྲས་ཆུང་དང་རྨོངས་རྟུལ་ནག་པོ་གཉིས་ཀྱིས་བྲིས་འདུག

རྗེས་དྲན་སྙིང་གི་ན་ཟུག།

ཨ་མྱེས་སྲས་ཆུང་།

གངས་ཅན་མུན་པ་སེལ་བའི་དུང་ཟླ་ཞིག།
ཀ་ཁའི་ཚེ་སྲོག་སྐྱོབ་པའི་མགོན་པོ་ཞིག།
སྦྲ་ནག་བདེ་དོན་འཚོལ་བའི་མེས་པོ་ཞིག།
ཁ་བའི་ཡབ་ཆེན་ཁྱོད་ཉིད་ཡང་ཡང་དྲན།།

ཕ་སྐད་གཙང་མའི་སྨྲ་སྒོ་འགག་པའི་དེང་།།
ཕ་ཆས་དག་མའི་སྲོལ་བཟང་བོར་ལ་ཁད།།
ཕ་ཟས་སྦྲང་དཀར་བྲོ་བ་ཡལ་བའི་དུས།།
ཕ་གཅིག་བླ་མ་ཁྱོད་ཉིད་ཡང་ཡང་དྲན།།

མཐོ་ལ་སྤྲེལ་ལད་བྱང་བའི་བློ་རིག་ཅན།།
དམའ་ལ་མཐོང་ཆུང་གོམས་པའི་གོ་ས་ཅན།།
ཁ་བའི་བདེན་དོན་གླེང་ལ་སྙིང་མེད་ཅན།།
མཐོང་དུས་སྐྱེས་མཆོག་ཁྱོད་ཉིད་ཡང་ཡང་དྲན།།

ཆོལ་གསུམ་སྤུན་ཟླ་རེ་རེའི་སེམས་ཁོང་ན།།
ནམ་ཡང་གཟིམ་མེད་སྣང་གསལ་སྒྲོན་མེ་བཞིན།།
མུན་པའི་ཀློང་ནས་གསལ་བའི་གངས་རིའི་མགོན།།
དྲིན་ཅན་བླ་མ་ཁྱོད་ཉིད་སྙིང་ནས་དྲན།།

ལྷ་མི་ཟུང་གིས་གནམ་སའི་བར་ནས་འཚོལ།།
ས་ཡ་དྲུག་པོས་ངུ་ངག་གསེང་ནས་འབོད།།
ན་གཞོན་ཕོ་མོས་རེ་སྒུག་དབྱངས་ལ་འགུག།
མགོན་ཁྱོད་མི་མངོན་ད་དུང་གང་དུ་བཞུགས།།

དྲན་གདུང་སྙིང་ཁའི་མེ་ཏོག་ཚལ་གས་ཤིང༌།།
མིག་ཆུའི་ཆར་རྒྱུན་ཐིགས་པ་བར་མེད་བཞུར།།
ཀྱེ་མ་གངས་ཅན་འགྲོ་བའི་མགོན་པོ་ཁྱེད།།
བསིལ་ལྡན་ལྗོངས་སུ་ལན་གཅིག་ཕེབས་རོགས་མཛོད།།

རྗེས་དྲན་སྙིང་གི་ན་ཟུག།

རྨོངས་རྟུལ་ནག་པོས།

མཐོ་སྒང་བོད་པ་ཚང་གི་ནོར་བུ་ཞིག།
ཀ་ཁའི་རིན་ཐང་སྨྲ་བའི་མགོན་པོ་ཞིག།།
བོད་ཀྱི་ཚེ་སྲོག་སྐྱོབ་པའི་སྐྱེས་ཆེན་ཞིག།
དེ་རིང་དྲན་པའི་སེམས་པ་ཆུ་ཁོལ་ཁོལ།།

ལ་རྒྱའི་དབུ་འཕང་བསྟོད་པའི་དེད་དཔོན་ཞིག།
བཙན་འཛུལ་དགྲ་ལ་རྒོལ་བའི་དཔའ་བོ་ཞིག།།
ཁྲི་ཡིག་བདུན་གྱིས་བདེན་པའི་རྟུལ་ཕོད་ཅིག།
པཎ་ཆེན་བླ་མའི་བཀའ་དྲིན་སྙིང་ནས་དྲན།།

གངས་ཅན་བོད་ལ་གཅེས་པའི་ཡབ་ཆེན་ཁོང་།།
ཆོལ་གསུམ་གཅིག་ཏུ་བཟུང་བའི་མངའ་བདག་ཁོང་།།
ཀ་ཁ་ག་ངའི་ཚེ་སྲོག་སྐྱབས་པའི་རྗེ།།
གངས་རིའི་ལྗོངས་ཀྱི་དུང་ཟླ་འོད་པོ་ཆེ།།

ས་ཡ་དྲུག་གི་བདེ་སྡུག་ཐུགས་ལ་སིམ།།
འཇིགས་མེད་སྟག་གི་བློ་སྟོབས་རབ་ཏུ་རྒྱས།།
བཙན་འཛུལ་དགྲ་ལ་འགྱིངས་པའི་དམ་པ་ཁྱེད།།
མགོ་ནག་བོད་པའི་ནམ་ཡང་བརྗེད་མེད་ཅིག།

དམར་པོ་ཁྲག་གི་ལོ་རྒྱུས་དྲན་བཞིན་དུ།།
གསུང་འབུམ་པོ་ཏིའི་རིན་ཐང་གླེང་བཞིན་དུ།།
ཁ་བ་ཚང་གི་གཞི་ཁྱིམ་དྲོན་མོའི་ཆེད།།
བཙོན་དུ་ལྷུང་བའི་ལོ་རྒྱུས་སྙིང་ལ་གཟན།།

༧རྒྱལ་མཆོག་ལྷ་ཡི་རེ་བའི་མིག་གཏད་མཆོག།
མཐོ་སྒང་བདེ་ལ་འགོད་པའི་དམ་པ་ཉིད།།
དྲིན་ཅན་བླ་མ་པཎ་ཆེན་རིན་པོ་ཆེ།།
དྲན་པའི་མིག་ཆུས་ངོ་གདོང་རྒྱུན་དུ་བརླན།།

དྲིན་ཅན་བླ་མའི་བཀའ་དྲིན་སྙིང་ནས་དྲན།།
གསུང་གི་ཞལ་ཆེམས་ཟབ་མའི་དོན་ཡང་འཁོར།།
བརྗོད་མེད་བསམ་མི་ཁྱབ་པའི་བཀའ་དྲིན་དེ།།
མགོ་ནག་བོད་པ་ཚང་གི་ཅི་ལ་བརྗེད།།

 

 

 

 

 

 

 

 

 

 

 

 

 

 

 

གསལ་བསྒྲགས་ཀྱི་ས་མིག