20
Sat, Jul

༢༠༡༨ལོའི་ཟླ་༡༡ཚེས་༡༡ཉིན་རྒྱ་གཞུང་གིས་འཐུང་ཆུ་ཁ་བསྒྱུར་རྒྱུ་ཡིན་པའི་བཀའ་ཁྱབ་ལ་ཡུལ་མིས་ངོ་རྒོལ་བྱས།

བོད་ཀྱི་གསར་འགྱུར།
Typography

༢༠༡༨ལོའི་ཟླ་༡༡་ཚེས་༡༡ཉིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་བསེ་ཚང་ཡུལ་ཚོའི་ནང་དུ་རྒྱ་ནག་གཞུང་གི་མགོ་ཁྲིད་མང་པོ་ཡོང་སྟེ་ཡུལ་ཚོ་དེའི་ནང་ཡོད་པའི་རྒྱུག་ཆུ་ཁ་བསྒྱུར་རྒྱུའི་གྱིས་གནས་ཚུལ་ཐོན་ཡོད་པ་དང་ཡུལ་མི་ཚོས་ཞི་བའི་ངོ་རྒོལ་བྱེད་བཞིན་པ་རེད་འདུག

དེ་ཡང་འདིའི་གར་གསལ་ཁང་དུ་བོད་མི་ཞིག་གིས་འགྲེལ་བརྗོད་གནང་དོན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་བསེ་ཚང་ཡུལ་ཚོའི་ནང་། རྒྱ་ནག་གཞུང་གི་མགོ་ཁྲིད་མང་པོ་ཡོང་སྟེ་ཡུལ་ཚོ་དེའི་ནང་ཡོད་པའི་རྒྱུག་ཆུ་ཁ་བསྒྱུར་རྒྱུ་དང་དེ་ནས་ཧྲིན་གཙང་ཡུལ་ཚོ་དང་བ་ཙེ་རྫོང་དུ་འཐུང་ཆུར་འདྲེན་དགོས་པའི་བཀའ་རྒྱ་བསྒྲགས་པ་ནས་བཟུང་། ཁ་སང་ནས་ས་གནས་མི་མང་ཡུལ་དངོས་སུ་འདུ་འཛོམས་ཀྱིས་ཞི་རྒོལ་ལངས་ཡོད་པ་དང་། དེའི་སྐབས་སུ་ས་གནས་སུ་ཉེན་རྟོག་རླངས་འཁོར་མང་པོ་འབྱོར་འདུག འོན་ཀྱང་མི་མང་ལ་རྡུང་རྡེག་དེ་འདྲ་བཏང་མི་འདུག་ ཡིན་ན་ཡང་གལ་སྲིད་མུ་མཐུད་ནས་ཞི་རྒོལ་བྱས་པ་ཡིན་ན་འཛིན་བཟུང་བྱ་རྒྱུ་ཡིན་པའི་བཀའ་རྒྱ་བཏང་ཡོད་འདུག

ཁོང་གིས་མུ་མཐུད་ནས་འགྲེལ་བརྗོད་གནང་དོན། གཙོ་བོ་དེ་ས་གནས་མི་མང་གིས་༼མིག་ཆུ༽་ཞེས་པའི་ཡིག་གེ་ཞིག་བཀྲམས་ཡོད་པ་དང་། དེའི་ནང་དུ་ཉེ་ལམ་ཕ་ཡུལ་ཨ་འཁོར་ནས་ཡིན་པའི་ཧྲིན་གཙང་ཡུལ་ཚོའི་མགོ་ཁྲིད་སངས་ཞེས་པའི་ཁྱི་རྒན་འདིས་ཡུལ་ཚོ་དང་རྫོང་སོགས་ཀྱི་མགོ་ཁྲིད་མང་པོ་ཞིག་ངེད་ཚོའི་སྡེ་བའི་ནང་ཁྲིད་ཡོང་སྟེ། བཙན་དང་དབང་གིས་ངེད་ཅག་གི་དྭངས་གཙང་ཆུ་མོ་དེ་ཧྲིན་གཙང་ཡུལ་ཤོ་དང་བ་ཙེ་རྫོང་ལ་འཐུང་ཆུར་འདྲེན་རྒྱུ་ཡིན་ཟེར། ཁ་ལ་མི་ཉན་མཁན་ཡོད་ན་བཙོན་ལ་འཇུག་རྒྱུ་ཡིན་ཟེར། ཆུ་དེ་རྫོང་གཅིག་དང་ཡུལ་ཚོ་གཅིག་ལ་དྲང་ན་ངེད་ཚོའི་ཡུལ་མི་དང་ནོར་ལུག་ཚོས་ཅི་ཞིག་འཐུང་རྒྱུར་ཡུལ་ཚོའི་མགོ་ཁྲིད་ཚོས་སེམས་འཁུར་བྱས་ཨེ་མྱོང་། ཞེས་བརྗོད་འདུག

ཞུ་གཏུགས་དང་ངོ་རྒོལ་བྱས་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཡིན་པ་དང་། ཁ་སང་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་དེ་རིང་ཡུལ་མི་མང་པོ་འཛོམས་ཡོད་པ་ཡང་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་ནས། ཡུལ་མི་ཚོས་རྒྱ་གཞུང་གིས་ང་ཚོའི་འཐུང་ཆུ་ཁ་བསྒྱུར་དགོས་པ་རེད་དམ། རྒྱུག་ཆུ་ས་ཕྱོགས་གཞན་དུ་ཁ་བསྒྱུར་པ་ཡིན་ན་ང་ཚོས་ཅི་ཞིག་འཐུང་ཟེར་ནས་ངོ་རྒོལ་བྱས་འདུག ཅེས་འགྲེལ་བརྗོད་གནང་སོང་།

 

གསལ་བསྒྲགས་ཀྱི་ས་མིག