18
Thu, Apr

༢༠༡༨ལོའི་ཟླ་༡༠ཚེས་༡༣་ཉིན་ཅོ་ནེ་རྫོང་ཉིན་པ་ཡུལ་མི་ཚོས་ས་གནས་སྲིད་གཞུང་ལ་ཞི་རྒོལ་བྱེད་བཞིན་པའི་རྣམ་པ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༠ཚེས་༡༣ཉིན། ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཉིན་པ་ཡུལ་མི་ཚོས་ས་གནས་སྲིད་གཞུང་གི་སྒོ་ཁར་ཉལ་ཏེ་ཞི་རྒོལ་བྱས་ཡོད་འདུག་ཅིང་། དེ་ལྟར་ཞི་རྒོལ་བྱེད་དོན་ནི། སྲིད་གཞུང་གིས་ས་གནས་ཡུལ་མི་ཚོར་ལོ་གསུམ་གྱི་གོང་དུ་ཕྱུགས་ཟོག་ཚོང་བའི་གུན་གསབ་མ་སྤྲད་པས་ཡིན་སྐོར་བརྗོད་ཀྱིན་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། ༢༠༡༥ ལོར་རྒྱ་གཞུང་གྱིས་ཕྱུགས་ཟོག་ཚོད་འཛིན་སྲིད་བྱུས་ལ་ཁ་གཡར་ཏེ། ཅོ་ནེ་རྫོང་ཉིན་པ་ཡུལ་ཚོའི་ཁྱིམ་ཚང་ ༡༠༠ ལྷག་གི་ཕྱུགས་ཟོག་རྣམས་བཙོང་དགོས་པའི་བཙན་བཀའ་བཏང་ཡོད་དང་། སྐབས་དེར་སྲིད་གཞུང་ནས་གུན་གསབ་མ་དངུལ་སྤྲོད་ངེས་ཀྱི་ཁས་ལེན་བྱས་ཡོད་ཀྱང་། ད་ཆ་ལོ་ངོ་གསུམ་སོང་ཟིན་ཡང་མ་དངུལ་མ་རེག་པའི་རྐྱེན་གྱིས་ཅོ་ནེ་རྫོང་ཉིན་པ་ཡུལ་མི་ཚོས་ས་གནས་སྲིད་གཞུང་གི་སྒོ་ཁར་ཉལ་ཏེ་ཞི་རྒོལ་བྱས་ཡོད་འདུག ས་གནས་སྲིད་གཞུང་གི་སྒོ་ཁར་ཉལ་ཏེ་ཞི་རྒོལ་བྱེད་མཁན་གྱི་ཁྲོད་ན། ལོ་ན་ ༧༠ དང་ ༨༠ ཅན་གྱི་ལོ་རྒན་འགའ་ཞིག་ཀྱང་ཡོད་པར་མ་ཟད། ད་དུང་ངོ་རྒོལ་བ་ཚོས་སྟབས་བདེ་ཐུག་པ་ཟས་ནས་བསྡད་ཡོད་འདུག ད་དུང་། སྲིད་གཞུང་གི་དཔོན་རིགས་རྣམས་ཡར་འགྲོ་མར་འགྲོ་བྱེད་ཀྱིན་ཡོད་ནའང་། ཞི་བའི་ངོ་རྒོལ་བྱེད་མཁན་གྱི་བོད་མི་དེ་ཚོར་ཡ་ལན་གང་ཡང་བྱེད་ཀྱིན་སྐོར་ཡང་བརྗོད་ཀྱིན་འདུག ད་ལྟའི་ཆར་ཞི་རྒོལ་གྱི་གནས་སྟངས་ག་འདྲ་ཆགས་ཡོད་མེད་གསལ་ཁ་མི་འདུག

གཞན་ཡང་། དེ་དང་མཚུངས་པའི་གནས་ཚུལ་ཞིག་ནི། ༢༠༡༨ལོའི་ཟླ་ ༥ པའི་ནང་། ལྷ་ས་སྟོད་ལུང་བདེ་ཆེན་ཁུལ་དུ་ཞིང་པ་མང་ཚོགས་ཀྱི་ས་ཞིང་ཡང་སྲིད་གཞུང་གིས་མེ་ཏོག་འདེབས་འཛུགས་བྱ་རྒྱུ་ཡིན་པར་ཁ་གཡར་ཏེ་གཞུང་བཞེས་བཏང་བར་བརྟེན། མང་ཚོགས་རྣམས་སེམས་སྡུག་དང་ཁོང་ཁྲོ་ཆེན་པོའི་ནང་ལྷུང་ཡོད་ཀྱང་བདེ་སྡུག་ཞུ་ས་མེད་པར་གྱུར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ༢༠༡༨ལོའི་ཟླ་༨པའི་ནང་དུ། ལྷ་སའི་མེ་འཁོར་འབབ་ཚུགས་སུ་ཁེལ་ཡུལ་སླེའུ་གྲོང་དུ་ཡོད་པའི་ཞིང་པ་རྣམས་ཀྱི་འཚོ་རྟེན་དུ་གྱུར་བའི་ས་ཞིང་རྣམས། མེ་འཁོར་འབབ་ཚུགས་གསར་སྐྲུན་ཆེད་སྲིད་གཞུང་གིས་གཞུང་བཞེས་བཏང་ནས་གུན་གསབ་མ་དངུལ་ཕྲན་བུ་རེ་སྤྲད་ཡོད་ཀྱང་། དེང་སྐབས་གུན་གསབ་མ་དངུལ་དེ་དག་རིམ་བཞིན་རྫོགས་ཡོད་སྟབས། མང་ཚོགས་མང་ཆེ་བ་སྤྲང་པོ་ལྟ་བུའི་འཚོ་བ་སྐྱེལ་བཞིན་ཡོད་པའི་གནས་ཚུལ་ཡང་ཐོན་འདུག