19
Sun, May
28 New Articles

བོད་ཀྱི་རྩོམ་པ་པོ་ནག་པོ་སྐལ་བཟང་ལགས།

བོད་ཀྱི་གསར་འགྱུར།
Typography

ཟླ་འདིའི་ཕྱི་ཚེས ༤ ཉིན་བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་དང་རྩོམ་རིག་དཔྱད་བརྗོད་པ་གངས་རྒྱན་ན་ཆུང་ཚགས་པར་གྱི་རྩོམ་སྒྲིག་པ་ཟུར་བ་ནག་པོ་སྐལ་བཟང་ལགས་ཕ་ཡུལ་རེབ་གོང་ནས་སྐུ་གྲོངས་ཡོད་འདུག

རྩོམ་པ་པོ་ནག་པོ་སྐལ་བཟང་ལགས་ནི་ཕྱི་ལོ་༡༩༥༥ ལོར་རེབ་གོང་གླིང་རྒྱ་སྡེ་བ་ནས་སྐྱེས་ཤིང་། ཆུང་དུས་ནས་བོད་དང་རྒྱའི་སློབ་གྲྭར་འགྲིམས་མྱོང་ཡོད་པ་དང་། ཕྱི་ལོ་༡༩༨༢ ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་དོན་སྒྲུབ་ཡོད་པ་དང་། ཁོང་གིས་བོད་ཡིག་གི་ལམ་ནས་བྲེད་ཤ་ལངས་པའི་མཚར་གཏམ་སོགས་སྒྲུང་ཐུང་དང་དཔྱད་རྩོམ་བཅུ་ལྷག་སྤེལ་ཡོད་པ་མ་ཟད། སྒྲུང་རིང་ཀླུ་འབུམ་མི་རྒོད་དང་དམྱལ་ཟངས་ནང་ན་ཀུ་རེ་མེད་ཞེས་པ་པར་དུ་བསྐྲུན་ཡོད་འདུག དེ་བཞིན་རྒྱ་ཡིག་གི་ལམ་ནས་བོད་མིའི་བྱུང་བ་བརྗོད་པ་དང་བོད་ཀྱི་མི་གྲངས། གླིང་རྗེ་གེ་སར་རྒྱལ་བོ་དང་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་སོགས་དཔྱད་རྩོམ་བཅུ་ལྷག་བརྩམས་ཡོད་འདུག གླིང་རྗེ་གེ་སར་རྒྱལ་བོ་དང་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་ལ་རྒྱ་ནག་རྒྱལ་ཡོངས་ཕུལ་བྱུང་བྱ་དགའ་ཐོབ་ཡོད་པ་དང་། རྒྱ་ཡིག་དང་བོད་ཡིག་སྦྲགས་མ་བྱས་ཏེ་བོད་བརྒྱུད་ནང་བསྟན་ལྷ་རིས་སྒྱུ་རྩལ་ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བོད་ཀྱི་ལྷ་རིས་ཐིག་རྩལ་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད་འདུག

ཁོང་ནི་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོའི་ཁྲོད་ཧ་ཅང་གྲགས་ཆེ་བའི་རྩོམ་པ་པོ་ཞིག་ཡིན་པ་མ་ཟད། ཀླུ་འབུམ་མི་རྒོད་ཅེས་པའི་བརྩམས་སྒྲུང་བརྩམས་པ་ནས་ཤེས་ཡོན་པ་ཚོས་དོ་སྣང་བྱེད་སའི་རྩོམ་པ་པོ་ཞིག་ཏུ་ངོས་འཛིན་དང་། ཁོང་གིས་བརྩམས་པའི་ཀླུ་འབུམ་མི་རྒོད་ཀྱི་བརྩམས་སྒྲུང་དེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་ཐོག་དང་པོར་སྤེལ་བའི་དྲག་རྩལ་ཐད་ཀྱི་བརྩམས་སྒྲུང་རིང་མོ་ཞིག་ཡིན་པ་རེད། ཁོང་གྲོངས་བའི་གནས་ཚུལ་ཐོན་པ་དང་བོད་ནང་གི་ཤེས་ཡོན་པའི་སྡེའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོང་ལ་མྱ་ངན་རྒྱ་ཆེར་བྱེད་བཞིན་ཡོད་པ་རེད།

 

གསལ་བསྒྲགས་ཀྱི་ས་མིག