19
Fri, Apr

རྒན་མོ་ཞིག་གིས་ཚན་རིག་པ་གསུམ་སྨྲ་བ་མེད་པར་བཏང་།

སློབ་གསོ།
ཡིག་གཟུགས་སྒྲིག་ཆས།

ངས་ཉེ་སྔོན་དཔེ་ཁང་ཞིག་ནས་མཁན་པོ་བསོད་དར་རྒྱས་ཚང་གི་གསུང་རྩོམ་ཞིག་ཉོས་པ་ཡིན། དོ་དགོང་ཞེ་ལྷོད་ལྷོད་ཀྱིས་ཁོང་གི་གསུང་རེ་རེ་བཞིན་ཀློག་ཚེ། རྒན་མོ་ཞིང་བ་ཞིག་གིས་སྙན་གྲགས་ཆེ་བའི་ཚན་རིག་པ་གསུམ་སྨྲ་བ་མེད་པར་བཏང་བའི་གཏམ་རྒྱུད་ཅིག་དྲངས་འདུག

སྔོན་ཆད་ཐེངས་དང་བོའི་ཨོ་འཁྲིགས་མཇུག་རྫོགས་རྗེས་སུ། རྒྱལ་ཁབ་ཅིག་གིས་ཚན་རིག་ལ་བརྟེན་ནས་ལྷ་མེད་སྨྲ་བ་ཁྱབ་བསྒྲགས་བྱས་པ་རེད། ཁོ་ཚོས་སྲིད་གཞུང་གི་ཐང་དུ་ཁྲི་མཐོན་པོ་ཞིག་བརྩིགས་ནས། རབ་འབྱམས་པ་གསུམ་གདན་འདྲེན་ཞུས། དང་བོར་སྟེགས་བུ་ལ་འོང་མཁན་ནི། གནམ་རིག་གི་རབ་འབྱམས་པ་ཞིག་རེད། ཁོང་གིས་ལྷ་མེད་ཚུལ་འགའ་གསུངས་རྗེས། མཇུགསྡོམ་དུ་སྐད་གསེང་མཐོན་པོས། བདག་གིས་མི་ལོ་ཉི་ཤུའི་རིང་ལ་རྒྱང་ཤེལ་སྤྱད་དེ་འཇིག་རྟེན་ལ་དབྱེ་ཞིབ་བྱས་མོད། ལྷ་ཞེས་པ་ཞིག་གཏན་ནས་མེད་པ་རེད། ཅེས་བསྒྲགས་པར་ལྟད་མོ་བ་མང་པོའི་དགའ་བསུ་ཐོབ། ཐེངས་གཉིས་པ་སྟེགས་བུའི་སྟེང་དུ་འོང་མཁན་ནི། གསོ་རིག་རབ་འབྱམས་པ་ཞིག་ཡིན་ལ། ཁོང་གིས་རྣམ་ཤེས་མེད་པའི་ཚུལ་སོགས་མང་དུ་བཤད་རྗེས། མཇུག་སྡོམ་དུ་སྐད་ཤུགས་ཆེན་པོས། བདག་གིས་མི་རོ་བརྒྱ་གྲངས་བཤས་ཏེ་ལུས་ཀྱི་ཆ་ཡོངས་རྫོགས་ལ་ཞིབ་འཇུག་བྱས་མོད། རྣམ་ཤེས་གནས་སའི་ཡུལ་ཞིག་གཏན་ནས་མ་རྙེད། དེར་བརྟེན་རྣམ་ཤེས་ཞེས་པ་ཞིག་ཡོད་མི་སྲིད། ཅེས་བསྒྲགས་པར་ཚང་མས་དགའ་བསུ་བྱས།

ཐེངས་གསུམ་པར་འོང་མཁན་ནི། བུད་མེད་རབ་འབྱམས་པ་ཞིག་སྟེ། མི་ཆོས་རིག་པ་བ་ཞིག་རེད། མོས་མི་ཤི་བ་ནི་སྒྲོན་མེ་ཚར་བ་དང་གཅིག་མཚུངས་རེད། ཤི་ཚར་རྗེས་ཅི་ཡང་མེད་པས་ལྷ་ཡུལ་དང་དམྱལ་བ་སོགས་སུ་སྐྱེ་བ་མེད། བདག་གིས་དེ་སྔོན་གནའ་དེང་གི་ཕྱི་རྒྱལ་གྱི་དཔེ་ཆ་སྤུས་དག་མང་བོ་བཀླགས་མོད། དེ་འདྲའི་གནས་ཚུལ་ཞིག་ཐོ་འགོད་བྱས་པ་གཅིག་ཀྱང་མ་རྙེད། མི་ཚང་མས་དགའ་འབོད་ཆེན་པོ་བྱས། འཆད་ཁྲིད་ཚར་རྗེས་མདོ་འཛིན་པས་ཚོགས་མི་ཚང་མ་ལ་ཚན་རིག་པ་འདི་གསུམ་ལ་དྲི་བ་ཡོད་ན་ཁོད་ཤོག་ཅེས་སྨྲས་པར། སུས་ཀྱང་འདྲི་མ་ནུས་ཚེ་ཚོགས་འདུ་མཇུག་བསྡུ་ཁར། གྲོང་མཐའ་ནས་འོང་བའི་རྒན་མོ་ཞིག་གིས་མོས་དྲི་བ་འགའ་བཏོན་ན་ཆོག་གམ་ཞེས་པར། མདོ་འཛིན་པས་མོ་ལ་དགའ་བསུ་བྱས། རྒན་མོ་དེས་རབ་འབྱམས་པ་དང་པོ་ལ། ཁྱོད་ཀྱིས་རྒྱང་ཤེལ་ལས་རླུང་མཐོང་མྱོང་ངམ་ཞེས་དྲིས། རབ་འབྱམས་པས། རླུང་ཇི་ལྟར་རྒྱང་ཤེལ་ལས་མཐོང་ངམ། ཞེས་ལྡོག་འདྲི་བྱས་ཚེ། འཇིག་རྟེན་སྟེང་དུ་རླུང་ཞེས་པ་དེ་ཡོད་དམ། ཁྱོད་ཀྱིས་རྒྱང་ཤེལ་ལས་རླུང་ཙམ་ཡང་མཐོང་མ་ཐུབ་པར། ལྷ་ཇི་ལྟར་མཐོང་ཐུབ་བམ། ཁྱོད་ཀྱིས་རྒྱང་ཤེལ་ལས་མ་མཐོང་བ་ཙམ་གྱིས་མེད་པར་གྲུབ་བམ་ཞེས་དྲིས་ཚེ། རབ་འབྱམས་པ་སྨྲ་བ་མེད་པར་གྱུར། ཡང་བསྐྱར་རྒན་མོ་དེས། ཐེངས་གཉིས་པར་འོང་མཁན་གྱི་རབ་འབྱམས་པར། ཁྱོད་རང་ཨ་མ་ལ་དགའ་འམ། ཞེས་དྲིས་ཚེ། ཁོས་དགའ་ཞེས་སྨྲས། དེས་ན་ཁྱོད་ཀྱིས་མི་བཤའ་སྤྱད་ཀྱི་གྲི་ང་ལ་གཡོར་དང་། ངས་ཁྱེད་ཀྱི་ཕོ་བའི་ཁ་ཕྱེས་ཏེ་ནང་དུ་ཨ་མར་དགའ་ཞེས་པའི་དགའ་དེ་གང་ན་ཡོད་པར་བལྟ་ཞེས་སྨྲས་ཚེ། རབ་འབྱམས་པ་སྨྲ་བ་མེད་པར་གྱུར། མོས་ཡང་བསྐྱར་ཐེངས་གསུམ་པར་འོང་མཁན་གྱི་བུད་མེད་ལ། ཁྱོད་རང་ཨ་མའི་ཁོག་པར་ཡོད་དུས། གལ་ཏེ་མི་ཞིག་གིས་ཁྱོད་ལ་མི་འགྱང་བར་ཁྱོད་ཀྱང་འཇིག་རྟེན་འདིར་སྐྱེ་རྒྱུ་རེད། ཉི་ཟླ་སོགས་ཡོད་ལ་ཟ་མ་ཟ་བ་དང་གོས་གྱོན་དགོས་ཟེར་ན་ཁྱོད་རང་ཡིད་ཆེས་སམ། འོན་ཀྱང་ད་སྐབས་ཡིད་ཆེས་པར་མ་ཟད། འདི་ལྟར་འཚོ་བ་རོལ་བཞིན་ཡོད། དེར་བརྟེན་རང་གིས་མ་ཤེས་པ་དག་གང་དྲན་གྱིས་དགག་ཐུབ་བམ། ཞེས་དྲིས་པས་བུད་མེད་རབ་འབྱམས་པ་ཡང་སྨྲ་བ་མེད་པར་གྱུར། དེ་བཞིན་འདི་ལས་ང་ཚོས་ཅི་ཞིག་རྟོགས་ཐུབ། རང་གིས་མ་ཤེས་པ་རྒྱུ་མཚན་དུ་བྱས་ནས་ཡོད་ཚད་ལ་ཁ་གཏོང་རྒྱུ་ཡིན་ནམ། ཡང་བསྐྱར་འགོ་རྩོམ་ནས་ཞིབ་འཇུག་བྱའམ། གཏམ་རྒྱུད་ཐུང་ཐུང་འདི་ལ་དོ་སྣང་ཡོད་པར་ཞུ།

གླིང་སྲས་བོད་ཡིག་དྲྭ་ཚིགས་ལས་བཤུས།