23
Tue, Apr

ཁ་བཏགས་ནི་བོད་མི་རིགས་ཀྱི་འཚོ་བའི་འཕྲོད་སྤྱོད་སྒོ་ཤིན་ཏུ་ཆེ་བའི་མཚོན་བྱེད་ཅིག་ཡིན།

སྣ་མང་ཤེས་བྱ།
ཡིག་གཟུགས་སྒྲིག་ཆས།

ཁ་བཏགས་ནི་བོད་མི་རིགས་ཀྱི་འཚོ་བའི་འཕྲོད་སྤྱོད་སྒོ་ཤིན་ཏུ་ཆེ་བའི་མཚོན་བྱེད་ཅིག་ཡིན། དཔེར་ན། མཇལ་འཕྲད་དང་། གྱེས་བྲལ། མཛད་སྒོ། བག་སྟོན། ཕུང་པོ་ཕྱིར་ཐོན་སྐབས་བཅས་ལ་སྤྱོད་སྒོ་ཤིན་ཏུ་ཆེ་སྟེ། ཁ་བཏགས་ཐོག་མར་བྱུང་རིམ་དང་། ཁ་བཏགས་དཀར་པོའི་རྒྱུ་རྐྱེན། ཁ་བཏགས་ཀྱི་དབྱེ་བ། ཁ་བཏགས་འབུལ་སྟངས་བཅས་ཀྱི་ཐོག་ལ་འཕྲོས་གཏམ་དུ་གཤམ་གསལ།

ཁ་བཏགས་ཐོག་མར་ཇི་ལྟར་བྱུང་ཚུལ་ཐད་འགའ་ཞིག་གིས་བལ་ལས་བྱུང་བར་འདོད་པ་དང་། འགའ་ཞིག་གིས་རྩམ་པ་ནས་བྱུང་བར་འདོད། ཁ་གཅིག་གིས་དར་ལས་བྱུང་བར་འདོད་སོགས་འདོད་ཚུལ་སྣ་ཚོགས་ཤིག་མཆིས། དཔྱད་གཞི་ལྟར་ན་ཁ་བཏགས་ཞེས་པ་ནི་ཐོག་མར་བླ་དཔོན་སོགས་ལ་མཇལ་འཕྲད་ཞུ་བའི་སྐབས། སྐྱབས་འཇུག་ཞུ་བའི་གཏམ་གྱིས་སྔོན་འགྲོར། ཁ་ནས་གླེང་དགོས་པའི་དོན་རྣམས་ནག་ནོག་ལ་སོགས་པའི་དྲ་མེད་པའི་དར་དཀར་གྱི་ལམ་ལ་དྲངས་ནས་ཕ་རོལ་གྱི་སྐུ་ལུས་ལ་སྒྲོན་པའམ་བཏགས་པའོ་ཞེས་པ་སོགས་ལྟ་ཚུལ་དུ་མ་ཞིག་ཡོད། ༢༠༠༨ལོརའདོན་ཐེངས་གསུམ་པའི། ༼བོད་ལྗོངས་སློབ་ཆེན་གྱི་རིག་དེབ།༽ ཁ་བཏགས་སྐོར་གྱི་དཔྱད་རྩོམ་ཞིག་བཀོད་འདུག་པ། དེའི་ནང་ཀ་བཏགས་དང་དཀར་རྟགས་ཅེས་པའི་ཐ་སྙད་གཉིས་གཤིབ་བསྡུར་བཛད་པ་དང་བོད་རིགས་ཀྱི་འཚོ་བ་དངོས་དང་འབྲེལ་བར་ལེགས་པར་བྱས་ཏེ། ཁ་བཏགས་ནི་དཀར་རྟགས་ཅེས་པ་ལས་བྱུང་བར་ར་སྤྲོད་བྱས་ཡོད། ཁ་དང་དཀར་གཉིས་ཀ་བོད་ཀྱི་ཐ་སྙད་དུ་མདོག་དཀར་པོ་མཚོན་པའི་མཚུངས་གནས་ཤིན་ཏུ་མང་བ་དང་གཉིས་ཀ་ངག་ནས་འདོན་པའི་སྐབས་སྒྲ་དྲག་ཞན་གྱི་ཁྱད་པར་ཅུང་ཟད་ཙམ་ལས་གཞན་གྱི་ཁྱད་པར་མེད་པས་ཁ་བཏགས་ནི་དཀར་རྟགས་ལས་ཟུར་ཆག་པ་ཞིག་རེད། ཅེས་བཀོད་པ་དེ་ནི་ཡིད་རྟོན་རུང་བའི་བདེན་གཏམ་ཞིག་རེད་སྙམ། ༼བོད་རིག་པའི་སྐོར་གྱི་རྩོམ་ཡིག་ཐོར་བུ་༽ཅེས་པའི་ནང་ཁ་བཏགས་ཟེར་བའི་ཐ་སྙད་དེ་ངེས་ཚིག་འགྲེལ་བཤད་དང་རྒྱུ་མཚན་གང་ཡང་བརྗོད་རྒྱུ་མེད་པའི་འདོད་རྒྱལ་གྱི་མིང་ཞིག་ཡིན་ནམ་ཞེ་ན། དེ་ལྟར་མ་ལགས། ཁ་བཏགས་ནི་དཀར་རྟགས་ཀྱི་སྒྲ་ཟུར་ཆགས་པ་ཞིག་རེད་སྙམ། གང་ལགས་ཤེ་ན། གནའ་བོའི་ཡུལ་སྲོལ་དུ་ཁ་བ་ཅན་གྱི་མི་རྣམས་ཀྱིས་རྟེན་འབྲེལ་མཚོན་ཆེད་དུ་གྱོན་པའི་དཔུང་སྟེང་དུ་རྩམ་པའི་དཀར་རྟགས་ཤིག་རྒྱབ་སྲོལ་ཡོད། ཅེས་གསུངས་པ་ནི་བོད་ཀྱི་ཡུལ་སྲོལ་དང་མཐུན་པར་སྙམ། དཀར་རྟགས་འཐེན་པའི་སྲོལ་དེ་ནི་གཙང་ཁུལ་དུ་དུས་ད་ལྟའང་རྒྱ་ཁྱབ་ངང་གནས་ཡོད། དཔེར་ན། ཇ་ཆང་འདྲེན་པ་དང་། དུས་ཆེན་དགའ་སྟོན་བྱེད་སྐབས་སྐྱེས་པའི་དཔུང་པ་གཡས་པ་དང་བུ་མེད་ཀྱི་དཔུང་པ་གཡོན་མར་རྩམ་པས་དཀར་རྟགས་སམ་ཡས་སྒྲོན་རྒྱག་སྲོལ་མཆིས་པ་དང་། ཆབས་གཅིག་ཁ་ནས་བཀྲ་ཤིས་པ་དང་དོན་སྒྲུབ་པ། ཚེ་རིང་ནང་མེད་ཞེས་བརྗོད་ཀྱི་ཡོད།

ཁ་བཏགས་དཀར་པོའི་རྒྱུ་རྐྱེན། ཁ་བཏགས་ཀྱི་ཁ་མདོག་ངེས་པར་དཀར་པོ་ཡིན་པའི་རྒྱུ་མཚན་ནི། བོད་ཀྱི་འདོད་མའི་ཤེས་རིག་གཡུང་དྲུང་བོན་གྱི་ལུགས་ལྟར་འདོད་ན་འབྱུང་བ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་བྱུང་། ཕྱིའི་སྒོང་ཤུན་ལས་ལྷོ་བྲག་དཀར་པོ་ཆགས། ནང་གི་སྒོང་ཆུ་ལ། དུང་མཚོ་དཀར་མོ་འཁྱིལ། བར་གྱི་སྒོ་ངའི་ངར་ཆ་ལ། རིགས་དྲུག་སེམས་ཅན་ཏུ་གྲོལ། སྒོ་ང་ཕྲུམ་གྱི་བཅོ་བརྒྱད་ཆགས། སྒོ་ང་བཅོ་བརྒྱདའབྲེང་བ་དེ། དུང་སྒོང་གཅིག་ཏུ་ཡར་ནས་བྱུང་། དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན། ཞེས་གསུངས་པ་བཞིན་གནའ་དུས་སུ་བོད་རིགས་ནི་ཁ་མདོག་དཀར་པོར་དགའ་བ་དང་ཁ་མདོག་དཀར་པོ་དེ་དྭངས་གཙང་ལྷད་མེད་ཀྱིས་སེམས་པ་མཚོན་ཞིང་། བོད་ཀྱི་རང་བྱུང་ཁམས་ཀྱི་གནས་སྟངས་ཀྱོ་ངོས་ནས་བརྗོད་ནའངརང་རེ་གངས་ཅན་ཡུལ་གྱི་མཐའ་བཞི་གངས་རིས་སྐོར་བ་དང་། བོད་ཡུལ་གྱི་ཆུ་མགོ་གངས་རི་ལ་ཐུག་པ། རང་བྱུང་ཁམས་ལ་དགའ་བའི་སེམས་པ་མཚོན་པ་བཅས་ཀྱི་ཐོག་ནས་ཀྱང་མེས་པོ་ཚོས་རང་བྱུང་ཁམས་ཉིད་རང་ཉིད་ཀྱི་མགོན་སྐྱབས་སུ་བརྩི་བ་། ལྷག་པར་དུ་བོད་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་རྗེས་དགེ་བའི་ལས་ལ་དཀར་པོའི་ལས་དང་། ཤ་མེད་ཀྱི་ལས་ལ་དཀར་ཟས་སུ་འབོད་པ། ལོ་གསར་དང་ལྷ་གསོལ་བའི་སྐབས་སུ་ཕྱུ་པ་དཀར་པོ་གྱོན་པ། རྒན་རྒོན་ལོ་བརྒྱད་ཅུར་སླེབས་ཚེ་བརྒྱད་ཅུའི་གོས་དཀར་གཡོགས་པ་སོགས་ལེགས་པོའི་བྱ་བར་ངོས་བཟུང་པའོ། གཞན་ཡང་མི་ཞིག་སེམས་བཟང་པོ་ཡོད་ཚེ་དེའི་དཔེར་སྐྱེ་བོ་དེའི་ཐུགས་སེམས་གངས་རི་ལྟར་དཀར་ཞེས་པ་དང་། བུད་མེད་ཀྱི་མཛེས་པ་མཚོན་སྐབས་བུད་མེད་དེའི་བཞིན་རས་དཀར་གསལ་ཟླ་བ་བཞིན་དུ་དཀར་ཞེས་པའི་ཁ་བཏགས་དཀར་པོར་ངེས་པའི་རྒྱུ་རྐྱེན་ཡང་གོང་གི་བོད་རིགས་ཀྱི་འདོད་མའི་ཤེས་རིག་དང་རང་བྱུང་ཁམས་ཀྱི་འཚོ་གནས་དང་འབྲེལ་བ་དམ་ཟབ་ཡོད་པ་མཐོང་།

ཁ་བཏགས་ཀྱི་དབྱེ་བ། ༼བོད་ཀྱི་དམངས་སྲོལ་གཅེས་བཏུས།༽ ཅེས་པའི་ནང་སྤྱིར་ཁ་བཏགས་ལ་བོད་རྒྱ་ཚིག་མཛོད་ཆེ་མོ་སོགས་ཚིག་མཛོད་ཁག་ནང་གསལ་ཁ་དར་རམ་མཇལ་དར་དང་། ལྷ་གོས། ལྷ་རེག་ལྷ་རྫས་བཅས་མི་འདྲ་བ་འབོད་སྲོལ་ཡོད་ཅིང་ཁ་བཏགས་ཀྱི་ངོས་སུ་བཀྲ་ཤིས་རྟགས་བརྒྱད་དང་། འདོད་ཡུན་སྣ་ལྔ། རྒྱལ་བ་རིགས་ལྔ། པ་ཊའི་རིས་སོགས་དང་ཤིས་བརྗོད་ཀྱི་ཡི་གེ་ཅི་རིགས་འགོད་སྲོལ་མཆིས་ཅེས་འཁོད་འདུག་པ་དང་དེའི་དབྱེ་བའི་ཐད་རིགས་མི་འདྲ་བ་ལྔ་ཙམ་ཡོད་དེ། ནང་མཛོད། ནང་མཛོད་ཁ་ཤས་ཡོད་ན་ཡང་ནང་མཛོད་གསར་མ་རྣམས་ཀྱི་རི་མོར་དཀྱིལ་དུ་རྣམ་བཅུ་དབང་ལྔན་དང་། ཕྱེད་ཀ་ཕྱེད་ཀར་བཀྲ་ཤིས་རྟགས་བརྒྱད། མཐའ་གཉིས་ལ། ཡི་གེ་དབུ་ཆེན་གྱི་ཉིན་མོ་བདེ་ལེགས། མཚན་མི་བདེ་ལེགས། ཉིན་མའི་གུང་ཡང་བདེ་ལེགས་ཤིང་། ཉིན་མཚན་རྟག་ཏུ་བདེ་ལེགས་པ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག་ཅེས་དང་ཁ་འཛར་ཉིས་བརྩེགས་ཡོད་པར་སྙམ། བར་མཛོད། ༼མཛོད་བར་མའི་ཁ་བཏགས་༽ཨ་ཤེ། ཨ་ཡུ་ཤེ། ཞེས་པ་སོག་སྐད་ཡིན་ཞིང་། དེ་ལ་ཚེ་དཔག་མེད་ཀྱི་སྐུ་བརྙན་རི་མོ་བརྒྱབ་ཡོད་པ་དེ་ལྟར་མིང་དུ་ཆགས་པར་གྲགས། ཟུབ་ཕྱི། ཕྱི་མཛོད། ༼མཛོད་ཕྱི་མིའི་ཁ་བཏགས།༽ཁ་བསོད་དམ་བསོད་བཏགས། ཁ་ཕྱི་སོགས་ཀྱི་ཁྱད་པར་མཆིས།

ཁ་བཏགས་འབུལ་སྟངས། སྔར་བླ་མ་ཆེ་ཁག་དང་དཔོན་རིགས་ཁག་ལ་མཇལ་དར་འབུལ་སྐབས་ཁྲི་ཅོག་སྟེང་ངམ་ཕྱག་ཏུ་འབུལ་དགོས་པ་ལས་མགུལ་དུ་སྒྲོན་སྲོལ་མེད། མི་སེར་དཀྱུས་མས་སེར་སྐྱ་དཔོན་རིགས་ཁག་ལ་ཁ་བཏགས་ཅོག་རྩེའི་ཐོག་ནར་གཏོང་བྱེད་པ་དང་བླ་དཔོན་གོ་ས་ཕན་ཚུན་ལག་སྤྲོད་བྱེད་པ། རང་ལས་དམའ་བ་རྣམས་ལ་ཁ་བཏགས་སྤྲོད་སྐབས་དངོས་པོའི་སྟེང་དུ་བཞག་ནས་སྤྲོད་ཀྱི་ཡོད། མི་སེར་ཕན་ཚུན་ཆང་ས་སོགས་སུ་ཁ་བཏགས་ཚང་མ་སྐེ་ལ་གཡོགས་ན་ཆོག དེ་བཞིན་རྒན་གཞོན་བར་ཁ་བཏགས་འབུལ་སྐབས་རྒན་གཞོན་གྱི་ལ་རྒྱ་བཟུང་སྟེ། གཞོན་པས་རྒན་པའི་ཕྱག་ཏུ་འབུལ་དགོས་པ་དང་། རྒན་པས་གཞོན་པར་སྒྲོན་སྲོལ་མཆིས། རིམ་པ་གོང་མས་གཤམ་རིམ་ལ་ཀ་བཏགས་སྐེ་ལ་གཡོགས་པ་ལས་ལག་ཏུ་སྤྲོད་སྲོལ་མེད། གཙང་ཁུལ་དུ་བྱ་བ་ཐམས་ཅད་ཡར་འགྲོ་ཞེས་སྐྱེ་བོའི་མདུན་ནས་རྒྱབ་ཏུ་སྒྲོན་པ་དང་། བོད་ཀྱི་ཡུལ་གྲུ་གཞན་དུ་བསྒྲོན་སྲོལ་དེ་གོང་གི་དེ་དང་ལྡོག་པ་ཡིན། ཕུང་པོ་ཐོན་སྐབས་ལམ་སྣེ་འདྲེན་པ་ཞེས་རྒྱུན་པ་ཞིག་གམ། ནང་མི་ཞིག་གིས་ཁ་བཏགས་ཀྱི་སྣེ་ཅིག་ཕུང་པོར་བཏགས། སྣེ་ཅིག་སྣེ་ཁྲིད་པའི་ལག་ཏུ་འཛིན་ནས་འཁྲིད་འགྲོ་བ་དེ་འདས་པོ་ལམ་དཀར་པོར་འགྲོ་བའི་ལམ་སྟོན་ཡིན་ཟེར་སྲོལ་འདུག