20
Thu, Jun
19 New Articles

བསྟན་འཛིན་ཆོས་སྒྲོན་ལགས་སུ་ཕོ་མོ་འདྲ་མཉམ་སྐོར་འདྲི་ཞུས་པ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཅར་འདྲི།
Typography

༡)ཐོག་མར་ཁྱེད་རང་ངོ་སྤྲོད་ཞིག་གནང་རོགས།
ལན༽ ངའི་མིང་ལ་བསྟན་འཛིན་ཆོས་སྒྲོན་ཡིན་། ངའི་སྐྱེས་ཡུལ་ཁམས་ལི་ཐང་ཡིན་པ་དང་ཆུང་དུས་ནས་རྒྱ་གར་ལ་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན། ངའི་སློབ་སྦྱོང་གི་རྒྱུད་རིམ་མདོར་ཙམ་ཞུ་ན་ཕྱི་ལོ་༢༠༠༨་ལོར་སུ་ཇ་བོད་ཁྱིམ་དུ་གོ་སྐབས་འཛིན་གྲྭ་ནས་འཛིན་རིམ་བཅུ་བའི་བར་སློབ་སྦྱོང་བྱས་པ་དང་ལོ་རིམ་བཅུ་གཅིག་དང་བཅུ་གཉིས་ཏེ་ལོ་གཉིས་རིང་སྦེལ་ཀོབ་བོད་ཁྱིམ་དུ་ཚན་རིག་སློབ་སྦྱོང་བྱས་པ་ཡིན།

༢) ཁྱེང་རང་ལ་མཚོན་ན་བོད་པའི་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་མིན་པའི་རྣམ་པ་མཐོང་གི་འདུག་གམ།
ལན༽ང་རང་གི་ངོས་ནས་བཤད་ན་བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་འདུག་བསམ་གྱི་ཡོད། གང་ཡིན་ཟེར་ན་རང་ཅག་བུད་མེད་རྣམས་རང་ཉིད་ལ་འཇོན་ཐང་དང་སེམས་ཤུགས། སྤོབས་པ་ཡོད་ན་རང་གིས་མོས་པ་གང་དེ་བྱེད་པར་དགག་པ་མེད་པ་འདྲ་བོ་ཚོར་གྱི་འདུག

༣) བོད་པའི་བུད་མེད་ཀྱིས་བྱེད་མི་ཆོག་པའི་བྱ་བ་ག་རེ་ག་རེ་ཡོད་རེད་དམ། དེ་དག་བྱེད་མི་ཆོག་པའི་རྒྱུ་མཚན་གང་ཡིན་ནམ།

ལན༽བོད་པའི་བུ་མོ་ཚོས་བྱེད་མི་ཆོག་པའི་བྱ་བ་ནི་ཆང་རག་ལོངས་སུ་སྤྱོད་མི་རུང་བ་དེར་རེད། རྒྱུ་མཚན་དེ་དག་ལོངས་སྤྱོད་བྱེད་ཚེ་རང་ཉིད་ཚོད་འཛིན་མི་ཐོབ་པར་སྤྱི་ཚོགས་ནང་དཀའ་ངལ་བཟོ་ཡི་ཡོད་པས་རྐྱེན་གྱི་ཡིན།

༤) ཁྱེད་རང་གི་ཨ་མ་ཡང་ན་ཨ་ནེ་ཨ་ཅེ་སོགས་ལ་སྐྱེས་པ་ཕོས་མཐོང་ཆུང་བྱས་པ་དེ་འདྲ་མཐོང་མྱོང་ཡོད་དམ།
ལན༽ངས་བདག་གི་ཨ་མ་དང་ཨ་ནེ་ཨ་ཅེ་སོགས་ལ་སྐྱེས་པ་ཕོས་མཐོང་ཆུང་བྱས་པ་གཏན་ནས་མཐོང་མྱོང་མེད།

༥) ཁྱེད་རང་སྒེར་ལ་སྐྱེས་པ་ཕོ་ཡང་ན་སོ་སོའི་གཅེན་པོ་དང་ནུ་བོ་སོགས་ཀྱིས་མནར་གཅོད་དང་མཐོང་ཆུང་བྱས་མྱོང་བའི་ཡ་ང་བའི་གཏམ་རྒྱུད་དེ་འདྲ་ཡོད་དམ།
ལན༽ང་རང་སྒེར་ལ་མཚོན་ན་སྐྱེས་པ་ཕོ་དང་རང་གི་གཅེན་གཅུང་སོགས་ཀྱིས་མནར་གཅོད་དང་མཐོང་ཆུང་རྩ་བ་ནས་བྱས་མྱོང་མེད།

༦)ཁྱེད་རང་གི་མཐོང་སྣང་ལ་བོད་ནང་གི་བུད་མེད་ཀྱི་ལས་དབང་དང་བཙན་བྱོལ་ནང་གི་བུད་མེད་ཀྱི་ལས་དབང་བར་ཁྱད་པར་འདུག་གམ།

 ལན༽ངའི་མཐོང་སྣང་ལ་བོད་ནང་གི་བུ་མེད་དང་བཙན་བྱོལ་ནང་གི་བུ་མེད་གཉིས་བར་ཁྱད་པར་ཅུང་ཟད་འདུག་བསམ་གྱིས་། བོད་ནང་གི་བུད་མེད་ཚོ་ཡིན་ན་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དེ་ཙམ་མེད་པ་དང་མང་ཆེ་བ་ཁྱིམ་ཚང་གི་ལས་ཀའི་ངོ་བོར་རང་ལ་ཐིམ་ནས་སྡོད་ཀྱི་ཡོད་པ་རེད། དེ་དག་སྔོན་གྱི་སྲོལ་ཡིན་ཡིན་པ་རེ། དེང་སང་དེ་ཙམ་མེད་པ་འདྲ་ཡིན་ཡང་བཙན་བྱོལ་ནང་གི་བུད་མེད་ཚོ་ལ་ཡིན་ན་རང་ཉིད་ལ་འཇོན་ཐང་ཡོད་ཚེ་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་རེད།

༧)ཁྱེད་རང་ལ་བོད་པའི་སྐྱེས་པ་ཕོ་རྣམས་ལ་བཤད་འདོད་པའི་སྐད་ཆ་དེ་འདྲ་ཡོད་དམ།
ལན༽ངའི་བོད་པའི་སྐྱེས་པ་ཕོ་རྣམས་ལ་བཤད་འདོད་པ་ནི་ཁྱེད་ཚོས་བུད་མེད་ནི་རླབས་ཆེན་གྱི་བྱམས་བརྩེ་འབྱུང་གཞི་ཞིག་ལ་ངོ་འཛིན་ནས་རང་ཉིད་ཀྱི་ཨ་མ་གཙོ་བོའི་བུད་མེད་ཚོ་ལ་བརྩི་བཀུར་བྱེད་དགོས་རེད་ཞུ་ཡ་དེ་ཡིན་།

༨)ཁྱེད་ལ་བོད་པའི་བུད་མེད་ཚོར་བཤད་འདོད་པའི་སྐད་ཆ་དེ་འདྲ་ཡོད་དམ།
ལན༽ང་རང་བོད་པའི་བུད་མེད་ཞིག་ཡིན་པའི་ཆ་ནས་བོད་པའི་བུད་མེད་ཚོ་ལ་བཤད་འདོད་པ་ནི་ང་རང་ཚོ་རིན་ཆེན་མི་ལུས་གཅིག་ཐོབ་ཡོད་པ་དེ་ལ་བདག་འཛིན་མ་བྱེད་ནས་གཞན་འོག་ཏུ་མགོ་སྒུར་ནས་བསྡོད་དགོས་པ་མ་རེད། ང་ཚོ་མི་སོ་སོ་ལ་འཇོན་ཐང་དང་ནུས་པ་ཡོད་པ་འགྲོ་བ་མི་ཕོ་མོ་འདྲ་མཉམ་ཡིན་པས་གཉའ་ཞུམ་ནས་མ་བསྡད་པར་རྒྱལ་སྤྱིའི་སྟེང་ཐོན་ཐུབ་པར་བྱ་རྒྱུ་ང་ཚོའི་འོས་འགན་རེད་། ཨ་ཅེ་ལགས་ཁྱེད་རང་གིས་ང་ལ་དྲི་བ་འདྲ་མིན་བརྒྱུད་བསམ་བློའི་སྒོ་མོ་ཕྱེ་བཅུག་པ་ལ་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ཐུགས་རྗེ་ཆེ།

བཅར་འདྲི་བྱེད་མཁ།  ཡེ་ཤེས་ལྷ་མོ།

གསལ་བསྒྲགས་ཀྱི་ས་མིག