20
Mon, May
26 New Articles

བསྟན་འཛིན།

བཅར་འདྲི།
Typography

༢༠༡༨།༠༣།༡༠༦ ཉིན་སྤེལ། བསྟན་འཛིན་ལགས་ཀྱིས་ཟ་ཁང་འཛིན་སྟངས་ཀྱི་ཉམས་མྱོང་དང་དེའི་ཁྲོད་ཀྱི་དཀའ་ངལ་གདོང་ལེན་བྱེད་སྟངས་སྐོར་བཅར་འདྲིའི་ལམ་ནས་ལན་འདེབས་གནང་བ་གཤམ་གསལ།

༡། ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ངའི་མིང་ལ་བསྟན་འཛིན་ཟེར་གྱི་ཡོད། སྤྱི་ལོ་ ༢༠༠༣ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས། སུ་ཇ་བོད་ཁྱིམ་སློབ་གྲྭར་སློབ་བཞུགས་ཀྱིས་སྤྱི་ལོ་ ༢༠༡༥ ལོར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ལེགས་ཐོན་བྱུང་། དེ་ནས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་ངྷེ་ར་རྡུན་བོད་ཁྱིམ་ལས་རིགས་སློབ་གཉེར་ཁང་དུ་འཛུལ་བཞུགས་བྱས་ཏེ་ལོ་གཉིས་རིང་མངར་ཟས་ལས་རིགས་ལ་སློབ་སྦྱོང་དང་སྦྱོང་བརྡར་མཐར་ཕྱིན་པ་བྱས། དེ་ནས་ངྷ་སར་འོད་ཟེར་མངར་ཟས་ཟ་ཁང་དང་པདྨ་ཐང་ཟ་ཁང་དུ་སྦྱོང་བརྡར་ཉམས་མྱོང་ཆེད་ཟླ་ཤས་རིང་ལས་ཀ་བྱས་པ་ཡིན། དེའི་རྗེས་ང་རང་ཉིད་ཀྱིས་ཟ་ཁང་དང་ཇ་ཁང་ཟུང་འབྲེལ་གྱི་ཟ་ཁང་ཆུང་ཆུང་ཞིག་བཙུགས་པ་ཡིན། ངའི་ཟ་ཁང་གི་མིང་ལ་<བསྟན་འཛིན་གྱི་ཟ་ཁང་དང་ཇ་ཁང་> ཟེར་ཞིང་། ཟ་ཁང་འདི་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ཉེ་འགྲམ་གྱི་བཀྲ་ཤིས་ཆོས་གླིང་གི་རྒྱལ་སྒོའི་མདུན་ལ་ཡོད། ཟ་ཁང་འདིའི་ནང་བོད་པའི་སྲོན་རྒྱུན་གྱི་ཞལ་ལག་དང་ནུབ་ཕྱོགས་པའི་མངར་ཟས་རིགས་དེ་བཞིན་བོད་ཇ་གཙོས་པའི་ཇ་རིགས་འདྲ་མིན་བཙོང་བཞིན་ཡོད།

༢། ཁྱེད་རང་གིས་བསམ་ན་ཟ་ཁང་ཞེས་པ་འདི་བཟང་ངན་གང་འདྲ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།
ལན། ངས་ནམ་རྒྱུན་ཟ་ཁང་གི་རིགས་ནི་རང་ཁ་རང་གསོའི་འཚོ་ཐབས་ཡག་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཟ་ཁང་དང་ཚོང་ཁང་རིགས་ཀྱི་འཚོ་རྟེན་ལ་བརྟེན་ནས་སོ་སོའི་ནང་མི་སྐྱོང་ཐབས་དང་མི་ཚེ་སྐྱེལ་ཐབས་བྱེད་པ་ནི་བཟང་པོ་ཞིག་ཡིན་པ་མཐོང་གི་འདུག

༣། ཟ་ཁང་ཁྲོད་ནས་དཀའ་ལས་ཁག་ཤོས་དེ་ག་རེའི་ཕྱོགས་ནས་རེད་འདུག
ལན། ཟ་ཁང་ཞིག་གཉེར་དུས་ཞོགས་པ་སྔ་པོ་ལངས་དགོས་པ་དང་དགོང་དྲོ་འཕྱི་པོ་བསྡད་དགོས་ཀྱི་ཡོད། དེ་མ་ཟད་མ་ཆེན་ཡག་པོ་ཞིག་དགོས་རྒྱུ་ཡང་གལ་ཆེན་པོ་རེད་འདུག ངའི་ད་ཕན་ཆད་ཀྱི་ཉམས་མྱོང་གི་ཐོག་ནས་ཞུས་ན། འདི་ཚོ་དངོས་གནས་ཟ་ཁང་ཁྲོད་ཀྱི་དཀའ་ལས་རེད་འདུག

༤། ཁྱེད་རང་གིས་བསམ་ན་བོད་པ་ཟ་ཁང་ཆེན་པོ་དང་ཚོང་ལས་བ་ཆེན་པོ་མང་པོ་ཡོང་མི་ཐུབ་པའི་རྒྱུ་མཚན་ག་རེ་རེད་བསམ་ཡོད།
ལན། ང་རང་ཉིད་ལ་མཚོན་ན་བོད་ནས་ཡོང་བ་ཞིག་ཡིན་སྟབས་རང་བཞིན་གྱིས་མ་རྩའི་དཀའ་ངལ་དང་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་རང་བཞིན་གྱིས་ཡིག་ཆའི་དཀའ་ངལ་ཡོད་པ་རེད། ངའི་བསམ་པར་བོད་པའི་ཟ་ཁང་ཆེན་པོ་དང་ཚོང་ལས་བ་ཆེན་པོ་མང་པོ་ཐོན་མ་ཐུབ་པའི་རྒྱུ་མཚན་ཡང་དེ་ཚོ་མིན་འགྲོ་བསམ་གྱི་འདུག

༥། ཁྱེད་རང་ལ་ཟ་ཁང་གི་ཟ་མ་བཟོ་ཕྱོགས་ཡིན་ན་རེད། མགྲོན་པོ་ཚོར་སྣེ་ལེན་བྱེད་ཕྱོགས་ནས་བོད་པའི་སྤྱི་ཚོགས་ལ་བཤད་འདོད་པའི་སྐད་ཆ་ག་རེ་ཡོད།
ལན། ཟ་ཁང་ཞིག་གི་ངོས་ནས་བཤད་ན་མགྲོན་པོ་ཚོ་ལ་སྣེ་ལེན་གང་གཟབ་དང་ཞལ་ལག་གཙང་མ། བྲོ་བ་ཞིམ་པོ་སྤྲོད་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་ཙམ་ཞིག་ལས་ང་ལ་གཞན་དམིགས་བསལ་ཞུ་རྒྱུ་མེད། ཐུགས་རྗེ་ཆེ།

གསལ་བསྒྲགས་ཀྱི་ས་མིག