19
Fri, Apr

དབང་མོ་མཚཽ།

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

དབང་མོ་མཚོ་ལགས་ཀྱིས་མཐོ་རིམ་སློབ་མའི་སློབ་གསོ་དང་སྐད་ཆ་ཞེས་པའི་བཅར་འདྲིར་ལན་འདེབས་གནང་བའི་སྐོར་གྱི་དྲིས་ལན་གཤམ་གཤམ་གསལ་ནས་གཟིགས་ཐུབ།

༡༽ ཁྱེད་ཉིད་ངོ་སྤྲོད་ཐུང་ཐུང་ཞིག་གནང་རོགས།
ལན། ངའི་མིང་ལ་དབང་མོ་མཚོ་ཟེར། ང་ཨ་མདོ་མཚོ་སྔོན་ནས་ཡིན། ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་ལ་འབྱོར་ཞིང་། སུ་ཇཱ་བོད་ཁྱིམ་ནས་འཛིན་གྲྭ་བཅུ་པ་ཐོན་རྗེས། ངྷ་སྟེང་བོད་ཁྱིམ་ནས་ཚོང་རིག་སྡེ་ཚན་གྱི་འཛིན་རིམ་བཅུ་གཉིས་མཐར་ཕྱིན་པ་ཡིན། དེའི་རྗེས་སུ་ལྡི་ལི་ནས་craft institute ཟེར་བའི་སློབ་གྲྭའི་ནང་ནས་photography Diploma course ཟེར་བའི་པར་པའི་སློབ་སྦྱོང་ལོ་གཅིག་རིང་བྱས་པ་དང་། ད་ལྟ་JNU(Jawaharla Nehru universality)མཐོ་སློབ་ཏུ་རྒྱ་ཡིག་ལོ་རིམ་གཉིས་པ་འདོན་བཞིན་པ་ཡིན།

༢༽ ཁྱེད་རང་གིས་སློབ་གསོ་མྱོང་བའི་ཁྲོད་ནས་བརྗེད་མི་ཐུབ་པ་དང་ཡ་མཚར་བའི་སློབ་གསོའི་གཏམ་རྒྱུད་དེ་འདྲ་གླེང་རྒྱུ་ཨེ་ཡོད།
ལན། བོད་དང་རྒྱ་གར་གཉིས་ཕན་ཚུལ་གཤིབ་བསྡུར་བྱས་ན། ང་བོད་ནས་སློབ་གྲྭར་ལོ་འགའ་ཤས་འགྲོ་མྱོང་ཡོད།
བོད་དུ་ཡོད་པའི་སློབ་གྲྭ་ཁག་གི་དགེ་རྒན་མང་ཆེས་བས་སློབ་མས་ནང་ལས་མི་འབྲི་བ་དང་། ནང་སྦྱོང་བྱས་པ་ཚོའང་ནོར་བ་སོགས་བྱུང་ན་ཉེས་རྡུང་གཏོང་གི་རེད། རྒྱ་གར་ནས་སློབ་ཆུང་དགེ་རྒན་མང་ཆེ་བ་བོད་པ་ཡིན་དུས། སློབ་མ་ལ་སྙིང་རྗེ་དང་བསམ་ཤེས་བྱས་ནས་ཉེས་རྡུང་གཏོང་གི་མ་རེད། དེ་སློབ་མའི་སེམས་ཁམས་ལ་འོས་འཚམས་ཤིག་རེད་དྲན་གྱི་ཡོད། རེད་དེ་མཐར་སློབ་ཆེན་སློབ་སྦྱོང་ཐོན་ནས་ཡོང་དུས་བོད་ནང་གི་སློབ་མའི་སློབ་སྦྱོང་གི་སྤུས་ཚད་ལེགས་པའི་སློབ་མ་ཧ་ཅང་མང་པོ་རེད། རྒྱ་གར་དུ་དེ་འདྲ་རིགས་ཡོད་རྒྱུ་རེད་བསམ། ངས་མང་པོ་མཐོང་མ་མྱོང་། དེ་ཕྱོགས་གང་ཞིག་ནས་སློབ་གསོ་སྤྲོད་སྟངས་མ་འགྲིག་པ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།

༣༽ ཁྱེད་རང་སློབ་ཆེན་སློབ་མ་ཞིག་ཡིན་དུས་ཁྱོད་རང་ལ་མཚོན་ན་སློབ་ཆེན་སློབ་གསོ་དེ་ག་འདྲ་འདུག
ལན། འཛིན་གྲྭ་བཅུ་གཉིས་བར་བོད་པའི་དགེ་རྒན་ཚོས་ཕྱོགས་ཡོངས་ནས་སློབ་གསོ་བརྒྱབས་པ་རེད། སློབ་ཆེན་སློབ་མ་ཟེར་དུས་ལུས་སེམས་གཉིས་ཀ་འཚར་ལོངས་བྱུང་ཚར་པ་རེད། བཟང་ངན་དང་ཡག་སྡུག་གི་དབྱེ་བ་འབྱེད་ཤེས་པའི་གནས་སྟངས་ལ་སླེབ་ཡོད་པ་རེད། ད་ལྟ་ང་ཡོད་པའི་རྒྱ་གར་གྱི་མཐོ་སློབ་ལ་སྔར་དང་བསྡུར་ན་སློབ་གསོ་རྒྱག་རྒྱུ་དཔེ་ཉུང་ཉུང་རེད། ཧ་ལམ་སློབ་གསོ་རྒྱག་གི་མ་རེད་ཟེར་ན་འགྲིག་གིན་རེད། སྤྱིར་བཏང་དགེ་རྒན་ལ་ཕྱོགས་གང་ནས་ཡིན་ན་ཉམས་མྱོང་མང་པོ་ཡོད་རེད་དེ། དགེ་རྒན་གྱིས་དམིགས་བསལ་སློབ་གསོ་རྒྱག་གི་མ་རེད།

༤༽  ཁྱེད་ཀྱིས་བསམ་ན་བོད་ཕྱི་ནང་གཉིས་ཀྱི་སློབ་ཆེན་སློབ་མའི་སློབ་གསོའི་བར་ལ་ཧེ་བག་མཐོང་གི་འདུག་གམ།
ལན། སྤྱིར་བཏང་ང་བོད་ནས་སློབ་གྲྭ་ལ་ལོ་འགའ་ལས་སློབ་ཆེན་ལ་འགྲོ་བའི་གོ་སྐབས་མ་བྱུང་བ་རེད། རེད་དེ་ངའི་སྤུན་མཆེད་ཚོ་བོད་ནས་སློབ་ཆེན་ལ་འགྲོ་བཞིན་ཡོད་རེད། ཁོ་ཚོའི་སློབ་སྦྱོང་གི་གནས་སྟངས་ལ་བལྟས་པ་ཡིན་ན་ཁོ་ཚོ་ཡང་མི་རིགས་གཞན་པ་རྒྱ་མིའི་སློབ་མ་མཉམ་དུ་སློབ་སྦྱོང་བྱེད་བཞིན་ཡོད་རེད། རྒྱ་གར་ནས་སློབ་ཆུང་སྐབས་སློབ་མ་སློབ་སྦྱོང་ཡག་པོ་ཡོད་རེད་ཟེར་བ་མང་པོ་ཡོད་རེད་དེ། རྒྱ་གར་དུ་ཡོད་པའི་བོད་པའི་སློབ་ཕྲུག་ཚོ་འཛིན་གྲྭ་བཅུ་གཉིས་ནས་ཡར་སློབ་སྦྱོང་མུ་མཐུད་དུ་མི་བྱེད་མཁན་དཔེ་མང་པོ་རེད། ལྷག་པར་དུ་མཐོ་སློབ་ཏུ་བསླེབས་ནས་ལོ་རིམ་གཉིས་པ་དང་གསུམ་པ་ནས་སློབ་སྦྱོང་གཡུགས་ནས་ཕྱི་རྒྱལ་ལ་འགྲོ་མཁན་དེ་འདྲ་མང་པོ་འདུག བོད་དུ་ཡོད་པའི་སློབ་མ་ཚོ་ལ་ཕྱི་རྒྱལ་ལ་འགྲོ་བའི་གོ་སྐབས་མང་པོ་མེད་པས་སོ་སོའི་སློབ་སྦྱོང་རང་ལ་ཤུགས་འཕར་མ་ཞིག་བརྒྱབས་པས་སློབ་ཆེན་ནས་མར་ཐོན་དུས་སློབ་ཆེན་སློབ་མ་དང་སློབ་སྦྱོང་གི་སྤུས་ཀ་གཉིས་མཉམ་པའམ་སློབ་སྦྱོང་གི་ག་ས་གང་ནས་ཚད་ལོན་པ་ཡོང་གི་འདུག

༥༽  ཁྱེད་ཀྱིས་བསམ་ན་སློབ་གསོ་མྱོང་བ་ནི་ཅི་ཞིག་གི་ཆེད་དུ་རེད་བསམ་ཡོད།
ལན། བྱིས་པ་ཆུང་དུས་ནས་སློབ་གསོའི་ཁ་ཕྱོགས་མ་ནོར་བ་ཞིག་ཐོབ་ཚེ་ཆུང་ས་སོ་སོ་རང་མགོ་ཐོན་པ། ཆེ་ས་ནས་བཤད་ན་སོ་སོའི་མི་རིགས་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་ཐུབ་མཁན་ཞིག་ཡོང་གི་རེད།

༦༽  སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་ཆེས་སྤྱིར་བཏང་བའི་འགན་འཁྲི་དེ་ག་རེ་རེད་འདུག
ལན། སློབ་ཆེན་སློབ་མའི་འགན་འཁྲི་སོ་སོའི་སྐབས་སུ་བབ་པའི་སློབ་སྦྱོང་དེ་ཏག་ཏག་བྱེད་དགོས་རེད། དེ་དང་མཉམ་དུ་སོ་སོའི་སྤྱོད་པ་ཡག་པོ་བྱས་ནས་མི་ལ་ཕན་མ་ཐོག་ན་གནོད་མ་བསྐྱེལ་བར་འབད་པ་བྱ་རྒྱུ་གལ་ཆེན་པོར་མཐོང་སོང་།

༧༽  ཁྱེད་རང་ལ་བོད་པའི་ན་གཞོན་ཚོ་ལ་བཤད་འདོད་པའི་སྐད་ཆ་ག་རེ་ཡོད།
ལན། ང་ལ་དམིགས་བསལ་འདྲ་བཤད་རྒྱུ་མེད། ང་སོ་སོ་བོད་ནས་ཡོང་བ་ཞིག་ཡིན་དུས་བོད་ནང་གི་ཕྲུ་གུ་ཚོས་སློབ་སྦྱོང་རེད། ལྷག་པར་དུ་མཐོ་སློབ་ལ་འགྲོ་བའི་གོ་སྐབས་རག་མཁན་ཉུང་ཉུང་རེད། རྒྱ་གར་ནང་ལ་མཚོན་ན་སོ་སོས་བྱས་མ་བྱས་ཤིག་རེད་མ་གཏོགས་སློབ་སྦྱོང་གི་གོ་སྐབས་མ་རག་པ་མེད། རེད་དེ་སློབ་ཕྲུག་མང་པོ་ཞིག་གིས་འཛིན་གྲྭ་བཅུ་གཉིས་ཐོན་ན་འགྲིག་སོང་བསམ་ནས་བཞག་པ་ལས་ཡར་མུ་མཐུད་དུ་མི་འགྲོ་བའི་རྩིས་རྒྱག་གི་འདུག དེ་འདྲ་མི་བྱེད་པར་ཚང་མས་དཀའ་ལས་བརྒྱབས་ནས་སློབ་སྦྱོང་མུ་མཐུད་དུ་བྱས་པ་ཡིན་ན། སོ་སོ་ལ་རྗེས་མ་སྤྱི་ཚོགས་ག་བ་ལ་འགྲོ་དགོས་ཀྱང་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཀྱི་རེད་བསམ་གྱི་འདུག