24
Wed, Apr

ཚོང་པ་བསྟན་འཛིན་ལེགས་འགྲུབ།

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༣།༠༥ཉིན་སྤེལ། བཞུགས་སྒར་ངྷ་སའི་ཚོང་ལས་པ་བསྟན་འཛིན་ལེགས་གྲུབ་ལགས་ཀྱིས་ཚོང་ལས་སྐོར་གྱི་བསམ་ཚུལ་དང་ཉམས་མྱོང་། མཐོང་སྣང་སོགས་དྲིས་ལན་དུ་བཏབས་པ་གཤམ་གསལ་དུ་གཟིགས་པར་གྱིས།

༡ ཁྱེད་རང་གི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ངའི་མིང་ལ་བསྟན་འཛིན་ལེགས་འགྲུབ་ཡིན། ཚོང་ཁང་བཟུང་ནས་ལོ་ཉི་ཤུ་ལྷག་འགྲོ་བཞིན་ཡོད་རེད། སྔོན་མ་ངའི་སྤུན་མཆེད་བུ་མོས་བཟུང་བ་རེད། དེ་ནས་ངའི་བུ་མོས་བཟུང་བ་རེད། བུ་མོ་ཕྱི་རྒྱལ་ལ་ཕྱིན་ཚར་བ་རེད། དེ་རྗེས་ང་རང་གིས་འཛིན་བཞིན་ཡོད།

༢ ཁྱེད་རང་གིས་བསམ་ན་ཚོང་ལས་ཞེས་པ་འདི་བཟང་ངན་གང་འདྲ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།
ལན། ཚོང་ཁང་ཟེར་བ་དེ་ཡག་པོ་མཐོང་གིན་འདུག ཚོང་ཁང་ཟེར་བ་དེ་དྲིན་ཆེན་པོ་རེད། མཚམས་མཚམས་སུ་ཉིན་རེར་སྒོར་མོ་སྟོང་ཡོང་གིན་རེད། མཚམས་མཚམས་སུ་ཉིན་རེར་སྒོར་མོ་བརྒྱ། མཚམས་མཚམས་སུ་སྒོར་མོ་ཉི་ཤུ་སུམ་བཅུ་ལས་ཡོང་གིན་མ་རེད། ཡིན་ཡང་། ཆུ་ཐིགས་བསགས་པས་རྒྱ་མཚོ་ཟེར་བ་བཞིན་ཚོང་ཁང་དེས་ཁ་གསོ་བཞིན་ཡོད་རེད།

༣ ཚོང་ལས་ཁྲོད་ནས་དཀའ་ལས་ཁག་ཤོས་དེ་ག་རེའི་ཕྱོགས་ནས་རེད་འདུག
ལན། ཚོང་ལས་ལ་དཀའ་ལས་གང་ཡང་ཡོད་པ་མ་རེད། སོ་སོའི་སྤྱོད་པ་ཡག་པོ་བྱ་དགོས་རེད། མི་ལ་སྐད་ཆ་ཡག་པོ་བཤད་དགོས་རེད། རྒྱ་གར་དྲིན་ཆེན་ཡིན་དུས་ཁྲལ་དངུལ་སྤྲོད་རྒྱུ་ཡོད་ན་གཞན་གང་ཡང་དགོས་མ་རེད། མིའི་གདོང་ལ་བལྟས་ནས་སྐད་ཆ་བཤད་རྒྱུ་ཡོད་མ་རེད། མིའི་རི་མོ་ནང་ལ་ཡོད་རེད། སྟག་གི་རི་མོ་ཕྱི་ལ་ཡོད་རེད། དེ་ལ་རྩིས་བརྒྱབས་ནས་མི་སྡོད་ས་ལ་སོ་སོ་བསྡད། སོ་སོའི་སྡོད་ས་ལ་མི་བཞག་དགོས་རེད། རྒྱ་གར་ཟེར་བ་དྲིན་ཆེན་པོ་རེད།

༤ ཁྱེད་རང་གིས་བསམ་ན་བོད་པ་ཚོང་ལས་པ་ཆེན་པོ་དང་ཁེ་ལས་པ་རྒྱལ་སྤྱིའི་རང་བཞིན་ཅན་མང་པོ་ཡོང་མི་ཐུབ་པའི་རྒྱུ་མཚན་ག་རེ་རེད་བསམ་བཞིན་ཡོད།
ལན། དེ་ལ་ངས་འགྲེལ་བཤད་རྒྱག་ཐུབ་ཀྱི་མ་རེད། ང་ཚོ་ནི་འགྲིག་ཐག་ཆོད་ཡོད། སངས་རྒྱས་ཁོང་གི་ཐུགས་རྗེ་དཀའ་དྲིན་ལས་བུ་རང་གིས་འཇོན་བཞག་པ་སུ་ལ་ཡང་ཡོད་པ་མ་རེད། ༧སྐྱབས་མགོན་རིན་པོའི་དཀའ་དྲིན་གྱིས་མིའི་ལུང་པར་བསྡད། རྐང་ལག་བརྐྱངས་ནས་གང་ཟ་བསམ་པ་ཟས། གང་འཐུང་བསམ་པ་བཏུངས། ལས་ཀ་བྱས་ནས་དཀའ་ལས་བརྒྱབས། མི་ལ་དྲང་མོ་བྱས། དྲང་མོ་བྱ་རྒྱུ་དང་མཐུན་ལམ་བྱ་རྒྱུ་ནི་གལ་ཆེ་ཤོས་རེད།

༥ ཁྱེད་རང་ལ་ཚོང་ལས་ཕྱོགས་ནས་བོད་པའི་སྤྱི་ཚོགས་ལ་བཤད་འདོད་པའི་སྐད་ཆ་ག་རེ་ཡོད།
ལན། བོད་པའི་སྤྱི་ཚོགས་ཀྱི་རང་བཞིན་དེ་མི་གཞན་གྱི་་སྤྱི་ཚོགས་སུ་སྡོད་ཡོད་དུས་སྤྱོད་པ་ཡག་པོ་བྱ་རྒྱུར་གལ་ཆེན་པོ་མཐོང་སོང་། མི་ཚང་མ་ལ་མཐུན་ལམ་བྱས་ནས་མགོ་སྒུར་སྒུར་གྱིས་གུས་ཞབས་བྱེད་དགོས། ཁྱོད་ལ་ཁྱོད་དང་ལགས་ལ་ལགས། ཡིན་པ་ལ་ཡིན་པ་དང་མིན་པ་ལ་མིན་པ། སྐད་ཆ་གསང་པོ་དང་དྲང་པོ་བྱེད་དགོས། སོ་སོས་རྒྱུས་ཡོད་ལ་ཁུངས་དང་ལུང་བསྒྲང་དགོས་རེད། སོ་སོར་རྒྱུས་མེད་ན་མེད་ཅེས་དྲང་མོ་བཤད་དགོས། རང་གིས་གང་ཤེས་པ་དེས་མི་ལ་ཕན་མ་ཐོགས་ཀྱང་གནོད་མི་བསྐྱེལ་ཟེར་བ་བཞིན་བྱ་དགོས།
ཁྱེད་རང་གིས་གོ་སྐབས་གནང་བ་ཐུགས་རྗེ་ཆེ།

བཅར་འདྲི་བྱེད་མཁན། ཡེ་ཤེས་ལྷ་མོ།