22
Fri, Mar
40 New Articles

ང་མི་ཚོགས་ཀྱི་ཁྲོད་དུ་ཡོད་ཀྱང། ཇི་འདྲའི་ཁེར་རྐྱང་ཞིག ༤

འཕྲོད་བསྟེན་ཤེས་བྱ།
Typography

ཁེར་རྐྱང་གི་སྡུག་བསྔལ་ཅི་ཞིག་གིས་སེལ་ཐུབ་བམ། ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། ཁེར་རྐྱང་གི་སྡུག་བསྔལ་ལ་གདོང་ལེན་བྱེད་ཐབས་ཁ་ཤས་ཤིག་ནི་ཕན་ཐོགས་ཅན་ཞིག་ཡིན་ངེས། དེ་ཡང་དང་པོ་ནི། དུས་ཚོད་རང་ཉིད་ཀྱི་ལས་ཀ་དང་སློབ་སྦྱོང་། ཡང་ན་རང་ཉིད་ཀྱི་དགའ་ཕྱོགས་ཀྱི་ལས་དོན་ཐད་ལ་སྤྱོད་པ་དེ་ཡིན་ཞིང་།

དེ་ལྟར་བྱས་ན། སེམས་པ་གུ་ཡངས་པོ་གྱུར་ཏེ་བློའི་ཁ་ཕྱོགས་ལ་འགྱུར་བ་ཐེབས་ཀྱི་ཡོད། གཉིས་པ་ནི། སྤྲོ་ཚོགས་སོགས་སུ་ཞུགས་པ་དེ་ཡིན་ཞིང་། ཡིན་ནའང་། མི་མང་པོ་ཞིག་གིས་དེ་ནི་ཕན་ཐོགས་མེད་པ་ཞིག་ཏུ་འདོད། གལ་ཏེ་ཁྱོད་རང་ཁེར་རྐྱང་དུ་གྱུར་སྐབས། སྤྲོ་ཚོགས་སོགས་སུ་ཞུགས་ན་ཕན་ཐོགས་ཡོད་ངེས་ནའང་། གཞན་ལ་ཡིད་ཆེས་བྱེད་མ་ཐུབ་ཚེ། ཁྱོད་ཀྱིས་སྔར་བཞིན་མི་ཚོགས་ཀྱི་ཁྲོད་ནས་ཀྱང་ཁེར་རྐྱང་གི་སྡུག་བསྔལ་མྱོང་དགོས་ཀྱི་རེད།

གསུམ་པ་ནི། རང་གི་བསམ་བློའི་འཁྱེར་སོ་ཇེ་བཟང་དུ་གཏོང་དགོས། དེ་ནི་ཁ་ནས་བཤད་ན་ལས་སླ་བོ་འདྲ་ཞིག་ཡོད་ནའང་། དངོས་སུ་སྒྲུབ་དུས་ཁག་པོ་ཞིག་ཡིན། འོན་ཀྱང་། བསམ་བློའི་འཁྱེར་སོ་ཁ་ཤས་ཀྱིས་མི་གཞན་ལ་ཡིད་ཆེས་བྱེད་ཐུབ་པར་གྲོགས་བྱེད་ཐུབ། དཔེར་ན། མི་ཞིག་གིས་ཁྱོད་རང་ལ་ཁ་ཡ་མི་བྱེད་པའི་ཆ་བཞག་ན། ཁྱོད་ཀྱིས་མི་དེ་ནི་རང་ཉིད་ལ་དགའ་བོ་མི་འདུག་སྙམ་སྲིད་མོད། གལ་སྲིད་ཁྱོད་ཀྱིས་མི་དེ་རང་ཉིད་ལ་དགའ་བོ་མེད་པའི་རྒྱུ་མཚན་དང་བདེན་དཔང་གང་དང་གང་ཡོད་ཅེས་འདྲི་ཚེ། བདེན་དཔང་དང་རྒྱུ་མཚན་ཅི་ཡང་མེད་པར། དེ་ནི་རང་སེམས་ཀྱི་ཚོད་དཔག་ཙམ་ཞིག་ཡིན་པ་ཚོར་ཡོང་། དེ་ལས་ལྡོག་སྟེ། ཁྱོད་ཀྱིས་ཁོ་ཚོ་ནི་ལས་བྲེལ་ཆེ་བ་དང་། ཐང་ཆད་ཡོད་པ། ཡང་ན། ལས་དོན་གཞན་ཞིག་ཡོད་ངེས་རེད་ཅེས་འདི་ལྟར་བཟང་ཕྱོགས་ནས་བསམ་བློ་གཏོང་བར་འབད་རྩོལ་གནང་དགོས།

མདོར་ན། གྲོགས་པོ་དང་གཉེན་ཉེ་སོགས་ལ་རང་ཉིད་ཀྱི་མྱོང་ཚོར་བརྗོད་དགོས་པར་མ་ཟད། རང་ཉིད་ཀྱི་མཐའ་འཁོར་དུ་ཡོད་པའི་མི་རྣམས་ཀྱི་བཟང་པོའི་ཡོན་ཏན་རྣམས་ལའང་ལྟ་དགོས།

བུད་མེད་མད་ཤེལ་ལེ་ལོ་ཌེ(Michelle Lloyd)ཡིས་འདི་ལྟར་བརྗོད་དོན། ད་ལྟ་ཁོ་མོས་དགའ་རོགས་སྒྲིག་གི་མེད་སྟབས། སྔར་ལས་ཀྱང་ཁེར་རྐྱང་གི་སྡུག་བསྔལ་ཆེ་ནའང་། ཁོ་མོས་འབྲེལ་བ་གསར་པ་ཞིག་ལ་བརྟེན་ནས་གནད་དོན་ཡོད་ཚད་ཐག་གཅོད་བྱེད་མི་ཐུབ་པ་དེའང་ཤེས་འདུག ཁོ་མོས་བཤད་རྒྱུར། “མི་རྣམས་ཀྱིས་ཤེས་དགོས་པ་ཞིག་ལ། དགའ་རོགས་སྒྲིག་པ་ཡིན་ནའང་། ཁྱོད་ཀྱིས་ཁེར་རྐྱང་གི་སྡུག་བསྔལ་ཚོར་ཡོང་སྲིད།” ཅེས་བཤད།

དམག་ཟུར་ཅ་ཁུ་ཁིན(Jake King)གྱིས་འདས་པོ་ཆུང་མ་ཧ་ཅང་དྲན་བཞིན་འདུག ངས་ཁོར་མི་རྣམས་མཉམ་སྡོད་ཀྱི་ཁང་པ་ཞིག་གླས་ན་ག་འདྲ་འདུག་གམ། དེ་ལྟར་བྱས་ན་འདུག་རོགས་ཤིག་ཡོད་པ་རེད། ཅེས་བཤད་པ་ན། ཁོ་རང་ད་ལྟའི་འཚོ་བ་ལ་གོམས་འདུག་སྟབས། ཁང་པ་གཞན་དུ་སྤོས་ཏེ་མི་རྒན་པ་རྣམས་དང་ལྷན་དུ་འདུག་མི་འདོད། རྒྱུ་མཚན་ནི་དེ་ནས་ཁོས་རི་མོ་འབྲི་བ་དང་རྩོམ་འབྲི་བ་སོགས་བྱེད་ཐུབ་ཀྱི་མ་རེད་ཅེས་བཤད་སོང་།

དམག་ཟུར་ཅ་ཁུ་ཁིན(Jake King)གྱིས་མུ་མཐུད་ནས་འདི་ལྟར་བཤད་རྒྱུར། “གཟའ་མཇུག་ནི་སྐྱོ་ལྷང་ལྷང་ཞིག་རེད་ལ། དུས་ཚོད་ཀྱང་རིང་པོ་ཞིག་ཏུ་སྣང་ཡོང་། ང་ལ་གྲོགས་པོ་མེད། ཁོ་ཚོ་ཚང་མ་ཚེ་ལས་འདས་ཟིན། ངར་བརྩེ་བ་ཡོད་མཁན་གྱི་བུད་མེད་རྣམས་ཀྱང་ཚེ་ལས་འདས་ཟིན། ལོ་ཚོད་འདི་ལ་ལོ་ན་༩༦སོན་པའི་ང་ཁོ་ན་མ་གཏོགས་ང་ལ་འབྲེལ་འདྲིས་ཟབ་པའི་མི་ཚང་ཚེ་ལས་འདས་ཟིན།”

དེ་ནས་ངས་དམག་ཟུར་ཅ་ཁུ་ཁིན(Jake King)ལ་ཁེར་རྐྱང་གི་སྡུག་བསྔལ་ལ་ཇི་ལྟར་གདོང་ལེན་བྱེད་དགོས་སམ་ཞེས་དྲིས་པ་ན། ཁོས་འདི་ལྟར་བཤད་སོང་། “རང་གིས་གང་ཞིག་སྒྲུབ་ནུས་པ་དེ་སྒྲུབས། ཁྱོད་རང་ད་དུང་འགྲོ་བདེ་འདུག་བདེ་ཞིག་ཡིན་ཚེ། འཛིན་གྲྭ་ཞིག་ཏུ་ཞུགས། དེ་ལྟར་མིན་ཚེ། གསར་རྩོམ་གྱི་ལས་སུ་ཞུགས། ཁྱོད་ཀྱིས་བློ་རྩེ་གཅིག་སྒྲིམ་གྱི་སྒོ་ནས་གསར་རྩོམ་གྱི་ལས་སུ་ཞུགས་སྐབས། དོན་དག་མང་པོ་ཞིག་བརྗེད་འགྲོ་ངེས་ཡིན།”

ཁེར་རྐྱང་གི་སྡུག་བསྔལ་ལ་གདོང་ལེན་བྱེད་ཐབས་གཞན་ཞིག་ནི། མི་གཞན་དང་ལྷན་དུ་ཁ་བརྡ་བྱེད་པ་དེ་ཡིན་ཞིང་། དམག་ཟུར་ཅ་ཁུ་ཁིན(Jake King)གྱིས་ཀྱང་དེ་ལྟར་བྱེད་ཀྱིན་འདུག དེའི་ཐད་ལ་ཁོས་བཤད་རྒྱུར། “མི་གཞན་དང་ལྷན་དུ་ཁ་བརྡ་བྱེད་པ་ནི་ཧ་ཅང་ལེགས་པོའི་བྱེད་ཐབས་ཤིག་རེད། ཁྱོད་ཀྱིས་ཕྱོགས་གཉིས་ཀར་སྤྲོ་སྣང་ཡོད་པའི་བརྗོད་གཞི་ཞིག་རྙེད་ཚེ། ཁ་བརྡ་ནི་ཕན་ཚུན་གྱི་བར་ལ་རང་ཤུགས་ཀྱིས་འབྱུང་ཡོང་ངེས།”

མིག་སྔར་ཁེར་རྐྱང་གི་སྡུག་བསྔལ་སེལ་བའི་ལས་གཞི་མང་པོ་ཞིག་རྩོམ་བཞིན་ཡོད་ཀྱང་། བུད་མེད་མད་ཤེལ་ལེ་ལོ་ཌེ(Michelle Lloyd)ཡིས་ད་དུང་ཡང་རང་ཉིད་ལ་འོས་ཤིང་འཚམ་པའི་ལས་གཞི་ཞིག་རྙེད་མི་འདུག

དེའི་ཐད་ལ་ཁོ་མོས་འདི་ལྟར་བརྗོད་དོན། གལ་སྲིད་ཁྱོད་རང་ལོ་༣༣ཡིན་ཚེ། གང་ཞིག་ཏུ་སོང་ནས་གྲོགས་པོ་སྒྲིག་གམ། མི་རྣམས་ཀྱིས་ཁྱི་ཉར་ན་ཡག་པོ་ཡོད་རེད་ཟེར། འོན་ཀྱང་། དེ་ལྟར་བྱས་ན། ཁྱི་ལའང་དྲང་པོ་མ་བྱས་པ་འདྲ་ཞིག་རེད། དེ་བས་ཡོ་ག་ལྟ་བུའི་ལུས་སྦྱོང་ཞིག་གི་འགོ་ཚུགས་ན་བསམས། ཡང་ན་དྭངས་བླང་ཀྱི་ལས་ཀར་ཞུགས་ན་བསམས། དེ་ལྟར་བྱས་ན་རང་གཞན་གཉིས་ཀར་ཕན་ཐོགས་ཀྱི་འདུག ཅེས་བཤད་སོང་།

ཡིན་ནའང་། ཁོ་མོས་ཁེར་རྐྱང་གི་སྡུག་བསྔལ་དང་འབྲེལ་བའི་རྩོམ་ཡིག་དག་བཀླགས་རྗེས། གླུ་གཞས་ནི་རང་ཉིད་ཀྱི་ཁེར་རྐྱང་གི་སྡུག་བསྔལ་དེ་སེལ་བར་བྱེད་པའི་སྨན་མཆོག་དེ་ཡིན་པར་ཤེས།

ཁོ་མོས་ད་དུང་ཤེས་རྟོགས་བྱུང་བ་ཞིག་ནི། གཞན་ཕན་གྱི་ལས་ལ་ཞུགས་པ་དེས་ཀྱང་ཁེར་རྐྱང་གི་སྡུག་བསྔལ་ཉུང་དུ་གཏོང་ཐུབ་པ་དེའང་ཤེས། དེར་བརྟེན། ཁོ་མོས་ཀྱང་གཞན་ཕན་གྱི་ལས་སྒྲུབ་པའི་ཐད་ལ་འབད་པ་བྱེད་ཀྱི་འདུག འདི་ཐད་ལ་ཁོ་མོས་འདི་ལྟར་བརྗོད་སོང་། “ལས་ཀར་འགྲོ་སྐབས། ས་འོག་མེ་འཁོར་ནས་མི་ཞིག་གིས་ཁྱོད་ལ་འཛུམ་ཞིག་བསྟན་ཚེ། ཉིན་མ་དེ་གཞན་དང་མི་འདྲ་ཞིག་ཏུ་གྱུར་འགྲོ དེར་བརྟེན། ཆུང་ཚགས་ནས་གཞན་ཕན་གྱི་ལས་སྒྲུབ་དགོས་ཀྱི་འདུག”

རྫོགས་སོ། །

གསལ་བསྒྲགས་ཀྱི་ས་མིག